ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ཆིབས་སྒྱུར་དང་དོལ་ཚོགས་ཀྱི་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་མཆོག་འཛམ་གླིང་གི་ས་གནས་གང་དུ་ཕེབས་ཀྱང་བོད་པ་ཚོས་ཕེབས་བསུ་ཞུ་བ་དང་། མི་མང་སྟོང་ཕྲག་མང་པོས་༧གོང་ས་མཆོག་གི་གསུང་བཤད་མཉན་ནས་གསུང་ཆོས་ཞུས་ཏེ། ༧གོང་ས་མཆོག་བདེན་པ་དང་བྱམས་བརྩེའི་བདག་ཉིད། བོད་ཀྱི་བདེ་སྡུག་གླེང་བའི་ངོ་ཚབ་པ་ཞིག་ལ་རྩི་བཞིན་ཡོད་མོད། ཡིན་ནའང་ཉེ་བའི་ལོ་ཤས་ཤིག་ནས་༧གོང་ས་མཆོག་ཆིབས་སྒྱུར་གནང་ཡུལ་ཁག་ལ་ངོ་རྒོལ་བྱེད་མཁན་ཡང་འབྱུང་གི་ཡོད་ཅིང་། ངོ་རྒོལ་བྱེད་མཁན་རྣམས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་པ་ཞིག་ཡིན་པ་མ་ཟད། ཁོ་ཚོའི་ངོ་རྒོལ་ལས་འགུལ་གྲ་སྒྲིག་འཐུས་ཚང་ཡོད་པར་མི་མང་པོ་ཞིག་ཧ་ལས་པ་དང་མགོ་འཐོམས་ཡོད་པ་རེད། གང་ལ་ཞེ་ན་ཤུགས་ལྡན་ཚོགས་པས་༧གོང་ས་མཆོག་ཏཱ་ལའི་བླ་མ་རྫུན་མ་རེད། ཁོང་གིས་རྫུན་གསུང་གི་འདུག ཏཱ་ལའི་བླ་མས་བོད་མི་དམངས་ལ་ཆོས་དད་རང་དབང་མི་སྤྲོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་གཏོང་གི་འདུག་ཅེས་བོད་པ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལྟར་ཤུགས་ལྡན་ཚོགས་པའི་མགྲིན་ཚབ་པ་ཚོས་གསར་འགོད་པ་ཚོར་འགྲེལ་བཤད་རྒྱག་གི་ཡོད་འདུག ད་ལྟ་ངོ་རྒོལ་བྱེད་མཁན་རྣམས་༧གོང་ས་མཆོག་གི་བཞུགས་ཡུལ་མགྲོན་ཁང་དང་གསུང་ཆོས་གནང་ཡུལ་ཁག་གི་སྒོ་འགྲམ་ལ་འདུ་འཛོམས་བྱེད་ཀྱི་ཡོད་པས། བོད་པ་དང་ཕྱི་རྒྱལ་བ་ཚོ་ཧ་ལས་པ་དང་བློ་འཚབ་བྱུང་སྟེ་བོད་པའི་ཚོགས་པ་ཁག་གིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ནས་ཤུགས་ལྡན་ཚོགས་པའི་ངོ་རྒོལ་ལ་ཁ་གཏད་གཅོག་གི་ཡོད་ལ། མི་མང་ཁག་ཅིག་ས་ཆ་ཐག་རིང་པོ་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུ་རུ་བཅར་གྱི་ཡོད་པ་རེད། ཐོག་མར་༡༩༩༦་ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྐལ་བཟང་རྒྱ་མཚོ་ཞེས་པ་ཞིག་གི་ཆོས་ཚོགས་ཀྱི་རྗེས་འབྲང་བ་ཚོས་ངོ་རྒོལ་བྱ་རྒྱུ་མགོ་བཙུགས་ཏེ། ཁོ་ཚོས་ཡོངས་གྲངས་སུ་༧གོང་ས་མཆོག་ལ་ངོ་རྒོལ་དང་སྐྱོན་འཛུགས་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱུང་ཡོད། ༡༩༩༨་ལོར་དབྱིན་ཇིའི་བི་བི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་དེར་ཞིབ་འཇུག་བྱས་ནས་བརྙན་འཕྲིན་ལས་རིམ་ཞིག་བཟོ་སྒྲིག་བྱས་ཡོད་པ་དང་། བརྙན་འཕྲིན་ལས་རིམ་དེར་དགེ་བཤེས་སྐལ་བཟང་རྒྱ་མཚོས་༧གོང་ས་མཆོག་གིས་རྫུན་གསུང་གི་འདུག་ཅེས་འགྲེལ་བཤད་འདི་འདྲ་ཞིག་བརྒྱབ་ཡོད། ང་ཚོས་ཤུགས་ལྡན་བསྟེན་ན་ཁོང་གི་སྐུ་ཚེ་དང་བོད་རང་བཙན། ནང་ཆོས་ལ་ཇི་ལྟར་གནོད་ཀྱིན་འདུག་ཅེས་ཡི་གེ་མང་པོ་བཏང་ནས་དྲིས་པ་ཡིན། ཡིན་ནའང་ང་ཚོར་ལན་གསལ་བོ་ཞིག་བརྒྱབ་མ་སོང་། ད་ལྟ་ནུབ་ཕྱོགས་པ་ཚོས་ཏཱ་ལའི་བླ་མས་རྫུན་བཤད་པ་ངོས་ཟིན་པ་རེད།།

༡༩༩༨་ལོ་ནས་ཤུགས་ལྡན་ཚོགས་པའི་ངོ་རྒོལ་དེ་ཞི་འཇམ་སོང་རུང་། ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་ལངས་ནས་བཟུང་། ཤུགས་ལྡན་ཚོགས་པས་ཀྱང་༧གོང་ས་མཆོག་ལ་ངོ་རྒོལ་བྱ་རྒྱུ་སླར་ཡང་འགོ་ཚུགས་ཡོད། ཨ་མི་རི་ཀའི་ནང་ཆོས་མཁས་པ་རོ་བྷར་ཊི་ཐར་མན་གྱིས་རྩོམ་ཡིག་བྲིས་ཏེ། ཁོང་གིས་ཤུགས་ལྡན་ཚོགས་པས་༧གོང་ས་མཆོག་དང་བོད་མི་མང་གི་དབར་ལ་འགལ་ཟླ་སློང་གི་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཏུ་༧གོང་ས་མཆོག་གི་མཚན་སྙན་གཅོག་རྒྱུའི་དམིགས་ཡུལ་བཅངས་ཡོད་ཅེས་བྲིས་འདུག ཁ་སྔོན་ཕྱི་ཟླ་༡༠་ཚེས་༣༡་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཤུགས་ལྡན་ཚོགས་པའི་ངོ་རྒོལ་དེས་བོད་དོན་འཐབ་རྩོད་ལ་གནོད་ཀྱི་ཡོད་ཅེས་བཀོད་འདུག

རྒྱ་ནག་གཞུང་གིས་བོད་ལ་ཁྲིམས་མཐུན་གྱིས་དབང་སྒྱུར་བྱེད་ཐུབ་ཀྱི་མེད་པའི་འབྱུང་རྩ་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུག་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད། རྒྱ་གཞུང་གིས་བོད་མི་དམངས་དང་༧གོང་ས་མཆོག་གི་འབྲེལ་བ་གཅོད་ཐབས་བྱེད་ཀྱི་ཡོད་པས། ཤུགས་ལྡན་ཚོགས་པའི་ངོ་རྒོལ་དེ་༧གོང་ས་མཆོག་གི་སྐུ་དབང་གཅོག་ཐབས་དང་། རྒྱ་གཞུང་གི་དམིགས་ཡུལ་བསྒྲུབ་པར་ནུས་པ་འདོན་བཞིན་འདུག

༧གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་དང་བཟང་སྤྱོད། བྱམས་བརྩེ་དང་རང་ཡུལ་བྲལ་བའི་བོད་པ་ཚོར་སྙིང་སྟོབས་མི་ཞུམ་པའི་གསུང་བཤད་རིམ་པ་ཞིག་གནང་སྟེ། ཐེངས་འདིའི་ཆིབས་སྒྱུར་ལེགས་གྲུབ་བྱུང་བ་དང་ཆབས་ཅིག ཤུགས་ལྡན་ཚོགས་པས་ཀྱང་འཛམ་གླིང་ཞི་བདེའི་དེད་དཔོན་དང་། མི་མང་གིས་བརྩི་བཀུར་བླ་མ་མེད་པ་ཞུ་སའི་ནང་པའི་དབུ་ཁྲིད་ཅིག་ལ་ངོ་རྒོལ་བྱ་རྒྱུ་ཡང་རེ་ཞིག་མཇུག་བསྡུས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG