ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱུ་རུ་བསྡུ་རུབ་བྱེད་མཁན་རྒྱ་མི་རིགས་རྣམས་ལ་ཉི་ཧོང་གིས་ཉེན་བརྡ་བཏང་ཡོད་པ།


འདས་པའི་གཟའ་འཁོར་འགའ་ཤས་ཀྱི་ནང་ཁྲིམས་འགལ་གྱི་ཐོག་ནས་ཉི་ཧོང་གི་མཚོ་རྒྱུད་དུ་བྱུ་རུ་བསྡུ་རུབ་བྱེད་མཁན་ཡིན་པར་དོགས་གཞི་ཡོད་པ་རྒྱ་རིགས་མི་གྲངས་དྲུག་ཉི་ཧོང་གི་མཚོ་སྲུང་དཔུང་སྡེས་འཛིན་བཟུང་བྱས་པའི་རྗེས་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་ལ་ཉི་ཧོང་གི་མཚོ་ཁའི་འགྲམ་དུ་བྱུ་རུ་བསྡུ་རུབ་ཀྱི་ལས་དོན་བྱེད་མཚམས་འཇོག་དགོས་པ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་དང་ ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པ་ཚོར་ཉེ་ཆར་ཕྱི་ཟླ་དགུ་པའི་ཟླ་དཀྱིལ་ཙམ་ནས་ཕྱི་ཟླ་བཅུ་པའི་ཟླ་མཇུག་ཙམ་བར་རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་༢༠༠ཙམ་ཞིག་ཉི་ཧོང་གི་མཚོ་རྒྱུད་ཀྱི་ཉེ་འགྲམ་དུ་སླེབས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་ ཉི་ཧོང་གི་མཚོ་རྒྱུད་དུ་ཐོན་སྐྱེད་བྱུང་བའི་བྱུ་རུ་ནི་རྒྱ་ནག་གི་ནང་གྱན་ཆ་བཟོ་རྒྱུར་དར་གསོ་ཆེན་པོ་ཡོད་པ་མ་ཟད་ ཧ་ཅང་རིན་གོང་ཆེན་པོ་བྱས་ཏེ་འཚོང་གི་ཡོད་པ་རེད་ རིང་མིན་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ནས་འགོ་འཛུགས་བྱས་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨེ་ཤི་ཡ་དང་ ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཤིག་འཚོག་འཆར་ཡོད་པ་དེའི་ཞོར་དུ་རྒྱ་ནག་དང་ ཉི་ཧོང་གི་འགོ་ཁྲིད་ཕན་ཚུན་ཐུག་འཕྲད་བྱེད་འཆར་ཡོད་པ་རེད།

XS
SM
MD
LG