ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་སྤྱི་ཁྱབ་པས་བཟོ་ཚོང་ཁང་ཞིག་གི་ས་ནས་དངུལ་ཕོན་ཆེ་ཞིག་བླངས་ཡོད་པའི་རྙོག་གླེང་།


ཧོང་ཀོང་གི་སྤྱི་ཁྱབ་ལུང་ཅུན་ཡིང་གིས་ ཨཽས་ཀྲེ་ལི་ཡེའི་བཟོ་ཚོང་ཁང་ཞིག་གི་ས་ནས་ཨ་སྒོར་ས་ཡ་མང་པོ་ལྐོག་ཏུ་བླངས་ཏེ། བཟོ་ཚོང་ཁང་དེས་ཉོས་པའི་ཚོང་ལས་ལ་ཕྱིས་འབྱུང་འགོག་རྐྱེན་བཟོ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་དང་། གནས་ཚུལ་དེ་ཚོ་ཚང་མ་ནི། ཁོང་ཧོང་ཀོང་གི་སྤྱི་ཁྱབ་ལ་བསྐོ་འདེམས་མ་བྱུང་གོང་སྟེ། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་བཞག་པའི་གསང་བའི་ཚོང་དོན་གྱི་འགན་རྒྱ་ཞིག་གི་ནང་འཁོད་ཡོད་པ་རེད། ཚོང་དོན་གྱི་འགན་རྒྱ་དེའི་ནང་འཁོད་པ་བཞིན། ཨཽས་ཀྲེ་ལི་ཡེའི་བཟོ་ཚོང་ཁང་(UGL)ཡཱུ་ཇྷི་ཨེལ་གྱིས་ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་ལུང་ལ་ དབྱིན་ཇིའི་སྒོར་མོ་ས་ཡ་བཞི་འམ། ཨ་སྒོར་ས་ཡ་བདུན་སྤྲོད་རྒྱུར་མོས་མཐུན་བྱས་ཡོད་པ་དང་། དངུལ་དེ་དག་སྤྲོད་ཐེངས་ཁག་གཉིས་བྱས་ཏེ་སྤྲད་ཡོད་པ་ནས། དང་པོ་དེ་སྤྱི་ལོ་༢༠༡༢ལོ་དང་། གཉིས་པ་དེ་སྤྱི་ལོ་༢༠༡༣ལོར་སྤྲད་ཡོད་པ་དེ་ནི། ཁོང་ཧོང་ཀོང་གི་སྤྱི་ཁྱབ་ཆགས་པའི་རྗེས་སུ་སྤྲད་པ་ཞིག་ཡིན་ཞིང་། འོན་ཀྱང་། ཁོང་གིས་དེའི་སྐོར་ཕྱིར་བསྒྲགས་རྩ་བ་ནས་བྱས་མེད་པས། གཞུང་གི་འགོ་ཁྲིད་མི་སྣས་རང་གི་ཡོང་བབས་ཀྱི་ཐད་ལ་ཕྱི་གསལ་ནང་གསལ་མ་བྱས་པ་ཡིན་ན། དེ་ནི་དོགས་པ་ཆེན་པོ་སྐྱེ་གཞི་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། འགའ་ཞིག་གིས་དེ་ནི་ལྐོག་ཟའི་གནས་ཚུལ་ཅིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG