ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རིགས་བུད་མེད་སློབ་ཆེན་སློབ་མ་བཞི་དཀར་མཛེས་སུ་མོ་ཊས་བརྫིས་པ།



ཁམས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བོད་རིགས་སློབ་ཆེན་སློབ་མ་བཞི་ལ་རྒྱ་མི་ཞིག་གིས་བསམ་བཞིན་དུ་མོ་ཊས་བརྡུངས་ནས་བུ་མོ་གསུམ་གྱི་ཚེ་སྲོག་འཕྲོག་པ་དང་། བུ་མོ་ཞིག་སྨན་ཁང་དུ་བསྐྱལ་ཡོད། འདས་པོ་དག་གི་ནང་མི་དང་སློབ་གྲོགས་མང་པོ་ཞིག་གིས་ལྕགས་ཟམ་རྫོང་གི་འབྲེལ་ཡོད་ལས་ཁུངས་མདུན་དུ་དྲང་བདེན་སྐྱོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།།

ཕྱི་ཟླ་དགུ་བའི་ཚེས་༢༥་ཉིན་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་བོད་རིགས་བུད་མེད་སློབ་མ་བཞི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གཞུང་ཞབས་པར་རྒྱུགས་སྤྲོད་དུ་ཕྱིན་ཏེ། མགྲོན་ཁང་ཞིག་ཏུ་སྡོད་རྩིས་བྱས་ནས་མགྲོན་ཁང་དེའི་ཟ་ཁང་དུ་ཟ་མ་ཟོས་རྗེས། ཟ་མའི་རིན་གོང་ཐད་མགྲོན་ཁང་གི་བདག་པོ་དང་ཁ་རྩོད་ཤོར་ནས་མགྲོན་ཁང་ནས་མ་བསྡད་པར་ཕྱིར་ཐོན་པའི་རྐྱེན་གྱིས། མགྲོན་ཁང་གི་བདག་པོའི་བུ་ཡིས་མོ་ཊ་བཏང་ནས་བུ་མོ་དེ་དག་བཙལ་ཏེ་ལམ་ཁ་ཞིག་ནས་མོ་ཊས་བརྡུངས་བ་རེད།།

དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་པ་ལྟར་ན། དང་ཐོག་ཁ་ཟས་ཀྱི་རིན་གོང་ནི་རྒྱ་སྒོར་བརྒྱ་ལྷག་ཡིན་པར་བཤད་ཡོད་ནའང་། ཟ་མ་ཟོས་རྗེས་རྒྱ་སྒོར་ཉིས་བརྒྱ་ལྷག་སྤྲོད་དགོས་ཞེས་བཤད་པར་བརྟེན། སློབ་གྲྭ་ཆེན་མོའི་སློབ་མ་དེ་དག་གིས་ཟས་རིན་གྱི་ཐད་ནས་འདི་ལྟར་དྲང་པོ་མི་བཤད་ཚེ་མགྲོན་ཁང་གི་ཁང་གླའི་སྟེང་དྲང་མོ་བྱེད་མི་ཡོང་ཞེས་བཤད་དེ་མགྲོན་ཁང་དེ་རུ་སྡོད་རྒྱུ་མིན་པའི་ཐག་བཅད་ནས་ཕྱི་ལ་ཐོན་པ་དང་། མགྲོན་ཁང་གི་བདག་པོའི་བུ་ཡིས་མོ་ཊ་བསྐོར་ནས་བུ་མོ་བཞི་བོ་གསོད་རྩིས་བྱས་ནའང་། གཅིག་ད་རུང་གསོན་པོར་ལྷག་ཡོད་ཟེར། དགེ་བཤེས་ལགས་ཀྱིས་ད་རུང་མགྲོན་ཁང་གི་བདག་པོ་དང་ས་གནས་ཉེན་རྟོག་མི་སྣ་ངན་འབྲེལ་སྒོས་གནས་ཚུལ་འགེབ་ཐབས་བྱས་པར་བརྟེན། འདས་པོའི་ནང་མི་དང་སློབ་གྲོགས་ཚོས་མུ་མཐུད་དུ་ཞུ་སྐུལ་བྱེད་བཞིན་ཡོད་ཟེར།། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། སློབ་མ་དེ་དག་ནི་དཀར་མཛེས་ཁུལ་རོང་བྲག་རྫོང་གི་མི་ཡིན་པ་དང་། ཚེས་༢༥་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་ཡས་མས་སུ་མོ་ཊ་གློ་བུར་དུ་ལམ་འགྲམ་ལ་ཕྱོགས་ཏེ་མི་གསུམ་བསད་ནས་གཅིག་ལ་རྨས་སྐྱོན་བཟོས་རྗེས་བྲོས་ཤིང་། ཕྱི་ཚེས་༢༦་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་༤༥་ཙམ་ལ་ཁ་ལོ་བ་ཀྲང་ཁྲོ་ནི་ཉེན་རྟོག་མི་སྣར་མགོ་འཛུལ་དུ་ཡོང་བ་རེད་ཟེར།

ད་ནི་ལྕགས་ཟམ་རྫོང་དུ་༩།༢༥དོནརྐྱེན་ཞིབ་བཤེར་ཚོགས་པ་ཞིག་ཚུགས་ནས་འདས་མཆོད་དང་སྨན་བཅོས་བྱེད་བཞིན་པ་དང་། ས་གནས་འགྲིམ་འགྲུལ་ཉེན་རྟོག་པས་དོན་རྐྱེན་འདི་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་ཟེར།།

འདས་པོའི་གཉེན་ཉེ་དང་སློབ་གྲོགས་དག་གིས་གུང་ཁྲན་ཏང་གིས་གྱོང་རེག་མཁན་རྣམས་ལ་དྲང་བདེན་སྐྱོང་བའི་ཡིད་ཆེས་ཡོད་ཅེས་པའི་འཕྲེད་དར་ལག་ཏུ་བཟུང་ནས། ལྕགས་ཟམ་རྫོང་གི་འབྲེལ་ཡོད་ལས་ཁུངས་མདུན་དུ་མུ་མཐུད་ཞུ་སྐུལ་བྱེད་བཞིན་པ་རེད།།

XS
SM
MD
LG