ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧

རང་སྲེག་ངོ་རྒོལ་བ་རྩིས་སྤྲོད་བྱེད་མཁན་ཚོར་བྱ་དགའ་ཁྱབ་བསྒྲགས།


(པར་ལེན་ས། བོད་ཀྱི་དུས་བབ་ )
(པར་ལེན་ས། བོད་ཀྱི་དུས་བབ་ )
ཕྱི་ཟླ་༡༠་ཚེས་༢༡་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ལས་ཁང་གིས་བརྡ་ཁྱབ་ཅིག་བཀྲམ་སྟེ། རང་ཁུལ་གྱི་སྤྱི་བདེ་ཚན་པ་ཁག་གིས་མང་ཚོགས་ཀྱིས་མ་སྐུལ་དང་ལེན་གྱིས་ཁྲིམས་འགལ་ཉེས་སྤྱོད་སྤེལ་པ་འདི་རིགས་ལ་འཐབ་རྩོད་བྱེད་དགོས་པ་དང་། དུས་ཐོག་དང་འཕྱུག་པ་མེད་པར་ལྐོག་ཇུས་འགོད་མཁན་ཚོ་མངོན་གསལ་དུ་ཐེར་འདོན་བྱེད་པར་ཁྲིམས་ལྟར་ཁྲིམས་འགལ་གྱི་ཉེས་སྤྱོད་དེ་དག་ལ་དྲག་རྡུང་བྱས་ནས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ། རང་ཁུལ་གྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཀའ་བཏང་ཡོད་ཅིང་། རང་ལུས་མེར་སྲེག་གཏོང་མཁན་རྣམས་ཉེན་རྟོག་པར་རྩིས་སྤྲོད་བྱེད་མཁན་བྱུང་ཚེ། མི་དེར་མི་དམངས་ཤོག་སྒོར་ཁྲི་༥་་ནས་ཁྲི་ཚོ་༢༠་ཐམ་པའི་བྱ་དགའ་ཡོད་ཅེས་ཁྱབ་བསྒྲགས་དོན་ཚན་བཞིའི་བརྡ་ཁྱབ་ཅིག་བཀྲམ་ཡོད་པའི་དོན་ཚན་དང་པོ། རང་སྲེག་དོན་རྐྱེན་སློང་བ་དང་ཇུས་འགོད་བྱེད་པ། ངན་སྐུལ་བྱེད་པ་དང་ལྐོག་ཇུས་གཤོམ་པ། མི་སེམས་སླུ་བ་བཅས་ཀྱི་ཁུངས་ལྡན་གནས་ཚུལ་ཐེར་འདོན་བྱས་པ་མ་ཟད། གོང་རིམ་ལ་སྙན་གསེང་ཞུ་མཁན་བྱུང་ན་མི་དེར་མི་དམངས་ཤོག་སྒོར་ཁྲི་ཚོ་ལྔའི་བྱ་དགའ་སྟེར་རྒྱུ་དང་། དོན་ཚན་གཉིས་པ། ཉེ་ཆར་བྱུང་བའི་རང་སྲེག་གི་དོན་རྐྱེན་བཞིའི་ལྐོག་ཇུས་འགོད་མཁན་ཚོ་འཕྱུག་པ་མེད་པར་ཐེར་འདོན་བྱེད་མཁན་བྱུང་ཚེ། མི་དེར་མི་དམངས་ཤོག་སྒོར་ཁྲི་ཚོ་༢༠་ཐམ་པ་བྱ་དགའ་སྤྲོད་རྒྱུ། དོན་ཚན་གསུམ་པ། གོང་རིམ་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མི་དེ་ཚོར་སྤྱི་བདེ་ལས་ཁུངས་ཀྱིས་གཏན་དུ་སྲུང་སྐྱོབ་བྱེད་རྒྱུ་དང་། མི་དེའི་བདེ་འཇགས་ལ་གཞུང་གིས་འགན་ལེན་བྱེད་རྒྱུ། དོན་ཚན་བཞི་བ། བྱ་དགའ་འདི་དམིགས་བསལ་གྱི་ཐབས་ལམ་དང་བྱེད་སྟངས་བརྒྱུད་ནས་སྤྲོད་རྒྱུ་ཡིན་ཞེས་འཁོད་འདུག ཕྱི་ཟླ་༡༠་གཅིག་པུར་འདིར་བོད་ནང་ལོགས་སུ་མི་དྲུག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་ཚོའི་གྲས་ཀྱི་མི་ལྔ་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ཁོངས་སུ་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། གཙོད་གྲོང་ཁྱེར་ཁོངས་གཏོགས་དང་རྡོ་དཀར། འབོ་ར་དང་བླ་བྲང་དགོན་པའི་ཉེ་འཁོར་བཅས་ཀྱི་བོད་པ་ཡིན་ཞིང་། ཕྱི་ལོ་༢༠༠༩་ནས་མདོ་དབུས་ཁམས་གསུམ་གྱི་བོད་པ་༥༨་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་བོད་ལ་རང་དབང་དགོས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་ནས་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་བོད་པ་ཚོས་རང་སྲེག་ངོ་རྒོལ་བྱེད་ཀྱི་ཡོད་པའི་ལན་ཁག་མཐའ་དག་ཏཱ་ལའི་བླ་མར་ཡོད། ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་པ་ཚོས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དེ་དག་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ནས་བྱུང་བ་ཤ་སྟག་ཡིན་པ་དང་། ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་བའི་ལས་འགུལ་དེ་དག་མངོན་དུ་འགྱུར་ཐབས་སུ་ཐ་ཤལ་དང་ཐབས་རྡུགས། ཁ་རྡུང་གཏོང་འོས་པའི་ལས་ཐབས་ཤིག་ལག་ལེན་བསྟར་བཞིན་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བཤད་བརྒྱབ་རུང་། བདུན་ཕྲག་སྔོན་མར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གསར་འགོད་པ་ཚོར་གསུངས་པ་ལྟར་ན། བོད་པ་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་འདིར་རྒྱུ་དང་རྐྱེན་ཞིག་ཡོད་ངེས་རེད། ལོ་རབས་༨༠་མགོ་སྟོད་དེར་ཧུ་ཡའོ་པང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ལ་བཟུང་བའི་སྲིད་ཇུས་ཁག་ཅིག་ནོར་འཁྲུལ་བྱུང་བ་ངོས་ལེན་བྱས་ཡོད་པ་དང་། ཏིང་ཤའོ་ཕིང་གིས་ཀྱང་དངོས་ཐོག་བདེན་འཚོལ་བྱེད་དགོས་ཞེས་གསལ་བོ་བཤད་ཡོད་པས། ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་པ་ཚོས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་ཅི་ཡིན་དང་། བོད་པ་ཚོས་ངོ་རྒོལ་བྱེད་དགོས་པའི་རྩ་བ་དེ་གང་ལ་ཐུག་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་པའི་དུས་ལ་བབས་ཡོད་ཅེས་གསུངས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG