ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༤་ཚེས་༢༧་ཏེ། གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ས་མཚམས་ཀྱི་ཕན་མུན་ཇོམ་ཞི་བདེའི་ཁང་དུ་ཐུག་འཕྲད་གྲོས་མོལ་བྱུང་བ་དང་། ཐོག་མར་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་གོམ་པ་སྤོས་ནས་སྲིད་འཛིན་མུན་ཅེ་དབྱིན་གྱིས་སྣེ་ལེན་ཞུ་རྒྱུའི་འཆར་གཞི་གཅིག་པུ་ལས་མེད་ཀྱང་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ཡང་བྱང་ཀོ་རི་ཡའི་ཕྱོགས་སུ་གོམ་པ་སྤོ་དགོས་ཞེས་གདན་འདྲེན་ཞུས་ཏེ། སྲིད་འཛིན་མུན་ཅེ་དབྱིན་ཡང་བྱང་ཀོ་རི་ཡའི་ས་ཐོག་ཏུ་གོམ་པ་སྤོས་པ་དང་ཀིམ་ཇུང་ཨུན་གྱིས་ང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་གནས་འདིར་སྐུ་ཉིད་ལ་ཐུག་འཕྲད་བྱུང་བར་དགའ་ཚོར་བྱུང་། སྐུ་ཉིད་ས་མཚམས་བར་དུ་ཕེབས་པ་འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་འཚམས་འདྲི་ཞུས་ཤིང་། ད་ཐེངས་ཀྱི་ཐུག་འཕྲད་སྐབས་སུ་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཕན་ཚུན་ས་མཚམས་བརྒལ་བ་མཛའ་མཐུན་གྱི་རྣམ་འགྱུར་བསྟན་པ། ཁོ་ཚོ་གསར་འགོད་པའི་མདུན་དུ་དོགས་མ་བདེ་བ་སོགས་མེད་པར་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་འགོ་ཚུགས་ཡག་པོ་ཞིག་བྱུང་ཡོད། ད་དུང་ཕན་མུན་ཇོམ་གྱི་ཞི་བདེའི་ཁང་གི་སྐུ་མགྲོན་ཐོ་འགོད་འབྲི་དེབ་ནང་དུ་ཀིམ་ཇུང་ཨུན་གྱིས་ད་ལྟ་ལོ་རྒྱུས་གསར་པ་ཞིག་འགོ་ཚུགས་ཡོད། ལོ་རྒྱུས་ཀྱི་དངོས་ནས་བལྟས་ན་ཞི་བདེའི་དུས་སྐབས་ཤིག་འགོ་ཚུགས་པ་རེད་ཅེས་བྲིས་མོད། འོན་ཀྱང་ཀིམ་ཇུང་ཨུན་ཞི་བདེའི་ཁང་དུ་མ་འཛུལ་གོང་དེར་བྱང་ཀོ་རི་ཡའི་སྐུ་སྲུང་ཚོས་ཕན་མུན་ཇོམ་ཞི་བདེའི་ཁང་དུ་ལྐོག་ཉན་ཁ་པར་བཙུགས་ནས་འབར་རྫས་སྦས་འཇོག་བྱས་ཡོད་མེད། ཞི་བདེའི་ཁང་དང་སྐུ་མགྲོན་ཐོ་འགོད་ཀྱི་འབྲི་དེབ་སོགས་ལ་རྫས་རླངས་ཤིག་གཏོར་ནས་དུག་སེལ་བྱས་ཡོད་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཀོ་རི་ཡའི་གླིང་ཟུར་དེ་ཉིད་ལྷོ་བྱང་རྒྱལ་ཁབ་གཉིས་སུ་དུམ་བུར་སོང་ནས་བཟུང་། ད་བར་བྱང་ཀོ་རི་ཡའི་དམར་ཤོག་གི་འགོ་ཁྲིད་ཅིག་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་མྱོང་མེད་ཅིང་། ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་མཐར་ཐུག་གི་དམིགས་ཡུལ་ལ་གྲོས་མཐུན་བྱུང་བ་མ་ཟད། ཁོ་ཚོས་ལོ་འདིར་༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པ་ཡིན་ཞེས་ཞི་བའི་ཆིངས་ཡིག་ཅིག་འཇོག་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། ལོ་མཇུག་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོར་ཡར་འཚམས་འདྲིར་ཕེབས་རྒྱུའི་མོས་མཐུན་བྱུང་བ། ཉིན་གུང་གི་གསོལ་ཚིགས་རྗེས་སུ་ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཀྱིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཞི་བདེ་དང་ཡར་རྒྱས་ཀྱི་མཚོན་རྟགས་ཐང་ཤིང་སྡོང་པོ་ཞིག་བཙུགས་ནས་ཤིང་སྡོང་གི་རྩ་བར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་ཆུ་བླུགས་ཡོད་པ་རེད། ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་སྤྱི་བསྒྲགས་དེར་ཕྱོགས་གཉིས་ཀྱི་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པའི་དམག་དཔུང་ཉུང་འཕྲི་བྱ་རྒྱུ་དང་དགྲ་འཛིན་གྱི་འདུ་ཤེས་ཆུང་དུ་གཏོང་རྒྱུ། ལྷོ་བྱང་ཀོ་རི་ཡའི་ས་མཚམས་དེ་ཉིད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་། ཕྱོགས་གཉིས་ཀས་ཡུན་བརྟན་དང་རྩ་བ་བརྟན་པོའི་ཞི་བདེ་ཞིག་བསྐྲུན་ཐུབ་པའི་འབད་བརྩོན་བྱ་རྒྱུ། ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཀྱིས་ཀོ་རི་ཡའི་མི་དམངས་བྱེ་བ་༨་དང་འཛམ་གླིང་མི་དམངས་ཀྱི་མཐུན་དུ་དམག་འཁྲུག་སློང་རྒྱུ་མིན་པ་དང་ཀོ་རི་ཡའི་གླིང་ཟུར་དེར་ཞི་བདེའི་དུས་སྐབས་གསར་པ་ཞིག་འགོ་ཚུགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་ཨ་མི་རི་ཀ་དང་ཨུ་རུ་སུ། རྒྱ་ནག་སོགས་ཀྱི་བསྔགས་བརྗོད་བྱས་འདུག ལྷག་པར་དུ་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་གང་འདྲ་ཞིག་བྱུང་ཡོད་མེད། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཡག་པོ་ཞིག་ཡོང་བར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་དགོངས་འཆར་ཅི་ཡོད་ཉན་འདོད་ཆེན་པོ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། ཐེངས་འདིའི་གྲོས་མཐུན་དེར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ས་མཚམས་སུ་ཕན་ཚུན་འཁྲུག་རྩོད་སློང་བའི་རྒྱང་བསྒྲགས་གཏོང་གི་ཡོད་པ་མཚམས་འཇོག་བྱ་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་འབྲེལ་མཐུད་ཁང་རེ་སྒོ་འབྱེད་བྱ་རྒྱུ། ཀོ་རི་ཡའི་དམག་འཁྲུག་སྐབས་སུ་ཁ་འཐོར་དུ་སོང་བའི་ཕ་མ་བུ་ཕྲུག་དང་བཟའ་ཟླ་སྤུན་མཆེད་རྣམས་ཕན་ཚུན་ཐུག་འཕྲད་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བྱུང་འདུག ད་ནས་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བའང་ཡར་རྒྱས་འགྲོ་སྲིད་པའི་རེ་བ་ཡོད་རུང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ངོ་མར་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་འདོད་ཡོད་མེད་ངེས་གཏན་མེད་ཅིང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ནི་དམར་ཤོག་རྒྱལ་ཁབ་དེ་རྒྱུན་གནས་ཐུབ་པ་དང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་བཙན་འཛུལ་འགོག་པ། ཀིམ་ཁྱིམ་ཚང་གིས་བྱང་ཀོ་རི་ཡར་མུ་མཐུད་དུ་དབང་སྒྱུར་བྱེད་ཐུབ་པའི་འགན་ལེན་གཙོ་བ་ཡིན་པས། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཚོས་རང་གི་ཁེ་ཕན་ཆེད་དུ་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་མི་སྲིད་ཅེས་ཉམས་ཞིབ་པ་མང་པོ་ཞིག་གིས་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG