༄༅།།ད་ལྟ་མི་ས་ཡ་༨༡༥་ལྷག་གིས་བསྐྱར་ནས་ཡང་དུ་བཀྲེས་ལྟོགས་མྱོང་བཞིན་ཡོད། ཁ་གྲངས་འདི་ནི་ལོ་བཅུ་ཕྲག་སྔོན་གྱི་ཁ་གྲངས་ལས་ཧ་ཅང་ཉུང་ཉུང་ཞིག་ཡིན་ནའང་བཀྲེས་ལྟོགས་ཀྱི་དབང་གིས་ཤི་བའི་མི་གྲངས་ནི་ཨེ་ཛི་དང་། གློ་ནད་ཊི་བྷི། འདར་ཚད་བྱུང་སྟེ་ཤི་བའི་མི་གྲངས་ཀྱི་བསྡོམས་ལས་ཀྱང་མཐོ་བ་རེད།
ཕྱི་ཟླ་ལྔ་བའི་ཚེས་༢༨་ཉིན་ང་ཚོས་འཛམ་གླིང་བཀྲེས་ལྟོགས་ཉིན་མོ་སྲུང་བརྩི་བྱེད། ད་ལྟ་བལྟས་ཚོད་ཀྱིས་ག་ས་གང་དུའང་བཟའ་བཏུང་འདང་ངེས་ཤིག་ཡོད་པའི་རྣམ་པ་མཐོང་ནའང་། འཛམ་གླིང་སྤྱི་ནས་བཤད་ན་མི་ཉིས་ཁྲི་ཆིག་སྟོང་ལྷག་ནི་བཀྲེས་ལྟོགས་སམ་འཚོ་བཅུད་མ་འདང་བ་ལ་བརྟེན་ནས་འཆི་བཞིན་པ་རེད།
དེ་ནི་འཛམ་གླིང་འདི་རུ་བཟའ་ཆས་འདང་ངེས་ཤིག་ཐོན་སྐྱེད་བྱེད་མ་ཐུབ་པར་མི་རྣམས་ཀྱིས་བཀྲེས་ལྟོགས་མྱོང་བཞིན་པ་ཞིག་མིན། འཛམ་གླིང་བཀྲེས་ལྟོགས་སློབ་གསོ་ཞབས་ཞུས་ཞིབ་འཇུག་བྱས་པ་ལྟར་ན་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་བཟའ་ཆས་ཐོན་སྐྱེད་ཐད་མངོན་གསལ་གྱི་གོང་འཕེལ་བྱུང་བ་དང་། མི་མང་པོ་ལ་བཟའ་ཆས་རེག་ཐུབ་པའི་ཚད་ཇེ་ལེགས་སུ་གྱུར་བ། འཛུགས་སྐྲུན་ཡོང་བཞིན་པའི་རྒྱལ་ཁབ་དག་ཏུ་བསྐྱར་ནས་ཡང་དུ་འཚོ་བཅུད་ཀྱིས་མ་འདང་བའི་མི་འབོར་ནི་བརྒྱ་ཆའི་༣༤་ནས་༡༥་ལ་མར་ཆག་ཡོད། རྩ་བའི་གནད་དོན་དེ་ནི་འཛམ་གླིང་སྟེང་གི་མི་མང་པོ་ཞིག་ལ་ད་ལྟའང་བཟའ་འབྲུ་ཉོ་སྒྲུབ་དང་འདེབས་འཛུག་བྱེད་པའི་མཐུན་རྐྱེན་མེད་པ་དེ་རེད།
དོན་དངོས་སུ་བཀྲེས་ལྟོགས་ནི་དབུལ་ཕོངས་ཀྱི་མཇུག་འབྲས་ཤིག་ཡིན་པ་དང་། དེ་དང་ལྷན་དུ་དབུལ་ཕོངས་ཀྱི་རྒྱུ་རྐྱེན་ཞིག་ཀྱང་ཡིན། དེ་ཡང་རྒྱལ་ཁབ་མང་པོ་ཞིག་ཏུ་སྤྱི་ཚོགས་བདེ་འཇགས་ཀྱི་གཞི་ལམ་མེད་པའི་རྐྱེན་གྱིས་རེད། དེ་ཡང་རྒྱལ་ཁབ་མང་པོ་ཞིག་ཏུ་བུད་མེད་ནི་ཞིང་ལས་ཀྱི་ལས་ཀ་བྱེད་མཁན་གཙོ་བོ་དེ་ཡིན་ནའང་བུད་མེད་རྣམས་ལ་སྐྱེས་པ་དག་ནང་བཞིན་སྦྱོང་བརྡར་གྱི་གོ་སྐབས་དཀོན་པ་དང་། བུན་གཡར་ཁག་པོ། ཞིང་ས་མེད་པ་བཅས་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་དུ་ཟིང་འཁྲུག་དང་། སྲིད་གཞུང་མ་ལག་གིས་ཞིང་ལས་ཀྱི་ཁོངས་སུ་མ་རྩ་འཇོག་པའི་སྐུལ་སློང་མི་བྱེད་པ། ས་ཞིང་དང་རང་བྱུང་ཐོན་ཁུངས་ལ་སྟངས་འཛིན་ལེགས་པོ་མེད་པ། ཤེས་རིག་སློབ་གསོའི་གོ་སྐབས་མེད་པ། རང་བྱུང་གོད་ཆག་ལ་བརྟེན་ནས་ཞིང་པ་ཉུང་ཉུང་ཞིག་གནས་གཞན་དུ་སྤོར་སྡོད་བྱེད་བཅུག་པ། ནོར་སྲིད་དང་དཔལ་འབྱོར་གྱི་ཉམས་ཉེས་ལ་རྐྱེན་བྱས་ནས་རིམ་པ་དམའ་མོ་ཡིན་པའི་ལས་གནས་མང་པོ་ཞིག་མེད་པར་ཆགས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་མི་དབུལ་བོ་དག་ནི་བཀྲེས་ལྟོགས་མྱོང་དགོས་པའི་ཚད་ལ་བསྐྱལ་བ་རེད།
འདས་པའི་ལོ་ངོ་བཅུ་ལྷག་གི་རིང་། འཛམ་གླིང་སྟེང་བཀྲེས་ལྟོགས་དང་ཚབས་ཆེའི་དབུལ་ཕོངས་ཉུང་འཕྲི་བྱེད་པའི་འབད་བརྩོན་བྱས་པར་བརྟེན་གྲུབ་འབྲས་མངོན་གསལ་ཐོན་ཡོད་པ་དང་། དེ་ནི་རྒྱལ་སྤྱི་དང་རྒྱལ་ཁབ་བརྒལ་བའི་སྒྲིག་འཛུགས་ཁག ཐེབས་རྩ་ཚོགས་པ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ཨ་རི་ནང་དུ་འདུ་བའི་སྲིད་གཞུང་བཅས་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
ཡིན་ནའང་འཛམ་གླིང་བཀྲེས་ལྟོགས་ཉིན་མོར་ང་ཚོས་ད་ལྟ་ཉིན་རེ་བཞིན་བཟའ་འབྲུ་འདང་ངེས་ཀྱི་གདེང་ཚོད་མེད་པའི་མི་བརྒྱད་འབུམ་ཆིག་ཁྲི་ལྔ་སྟོང་དེ་མ་བརྗེད་པ་གྱིས། ང་ཚོས་བྱིས་པ་གཅིག་གིས་ཀྱང་ཕོ་བ་ལྟོགས་ཞོར་དུ་མཚན་ཉལ་བྱེད་དགོས་པའི་གནས་ཚུལ་མེད་ཅེས་སྤོབས་པ་དང་བཅས་བརྗོད་ཐུབ་པའི་ཚད་ལ་སླེབས་པར་བར་ཐག་རིང་ཙམ་ཡོད། བྱིས་པ་ལྟོགས་ཉལ་བྱེད་སྐབས་ཕ་མ་རྣམས་ཀྱིས་རང་ལ་གང་ཡོད་བུ་ཕྲུག་ལ་སྤྲད་དེ་སོ་སོའང་ལྟོགས་ཉལ་བྱེད་བཞིན་ཡོད།།