ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཁུངས་ལུང་མེད་པའི་དག་ཐེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་༣༦་ལ་ཐེ་ཝན་དང་ཧོང་ཀོང་། ཨོ་མེ་རྣམས་རྒྱལ་ཁབ་ཐ་དད་ཀྱི་རེའུ་མིག་ནང་དུ་འགོད་མི་ཆོག ས་གནས་དེ་ཚོར་རྒྱ་ནག་གི་ཐེ་ཝན་དང་རྒྱ་ནག་གི་ཧོང་ཀོང་། རྒྱ་ནག་གི་ཨོ་མེན་བཅས་འགོད་དགོས། དེ་ལྟར་མ་བྱས་ན་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་གནམ་གྲུ་རྣམས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་འཕུར་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀའ་བཏང་སྟེ། རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་མང་དག་ཅིག་གིས་རང་གི་དྲ་རྒྱའི་ནང་དུ་བཀོད་པའི་རྒྱལ་སྤྱིའི་འཕུར་ཡུལ་ཁག་གི་རེའུ་མིག་ལ་འགྱུར་བ་གཏོང་དགོས་ཐུག་གི་ཡོད་ཅིང་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་ཐེར་དག་དེར་འཇོར་ཇི་ཨོར་ཝེལ་གྱི་སྒྲུང་རྩོམ་གྱི་ནང་གི་དག་ཐེར་ལྟ་བུའི་ཁུངས་ལུངས་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཨ་མི་རི་ཀས་ཇི་ལྟར་བཤད་ཀྱང་ཁྱད་པར་མེད། འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། ཧོང་ཀོང་དང་ཨོ་མེན། ཐེ་ཝན་རྣམས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་སུ་གཏོགས་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ། རྒྱ་ནག་ལ་ཚོང་ལས་གཉེར་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར། རྒྱ་ནག་གི་ཁྲིམས་དང་རྒྱ་ནག་མི་དམངས་ཀྱི་འདུ་ཤེས་བཅས་ལ་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ཚུད་པའི་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལ་ཡི་གེ་བཏང་སྟེ་མཁའ་ལམ་ལས་ཁུངས་དེ་དག་གི་དྲ་རྒྱའི་ནང་དུ་ཐེ་ཝན་དང་ཧོང་ཀོང་། ཨོ་མེན་རྣམས་རེའུ་མིག་ནང་དུ་ལོགས་སུ་འགོད་མི་ཆོག་ཅེས་བཙན་བཀའ་བཏང་བ་ནི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོའི་མིག་ལམ་དུ་ས་གནས་དེ་དག་རྒྱ་ནག་གི་མངའ་ཁོངས་མིན་པ་ལྟ་བུའི་བག་ཆགས་ཤིག་འཇོག་གི་ཡོད་པ་ཡོད་པ་འདྲ། འདི་ནི་འཇོར་ཇི་ཨོར་ཝེལ་གྱི་སྒྲུང་རྩོམ་ནང་གི་དག་ཐེར་ཁུངས་ལུང་མེད་པ་ལྟ་བུ་ཞིག་ཡིན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རང་གི་ཆབ་སྲིད་ཀྱི་ལྟ་བ་རྣམས་ཨ་མི་རི་ཀའི་སྤྱི་དམངས་དང་ཨ་རིའི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གི་ཐོག་ཏུ་བཙན་འགེལ་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གི་ཆབ་སྲིད་ཀྱི་དག་ཐེར་འདི་ཨ་མི་རི་ཀ་དང་འཛམ་གླིང་ཡོངས་ལ་རྒྱ་སྐྱེད་གཏོང་གི་ཡོད་ཀྱང་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་རྒྱ་ནག་གི་ཁུངས་ལུང་མེད་པའི་ཨོར་ཝེལ་གྱི་སྒྲུང་རྩོམ་ནང་གི་དག་ཐེར་ལྟ་བུ་ཞེས་སྐྱོན་བརྗོད་བྱས་པར་ཐད་ཀར་དགག་ལན་ནམ། ཡང་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་དྲ་རྒྱའི་རེའུ་མིག་ལ་འགྱུར་བ་ཇི་ལྟར་གཏོང་དུ་འཇུག་རྒྱུ་ཡིན་མིན་གྱི་འཆར་གཞི་ཞིབ་ཕྲ་རྣམས་བཤད་མེད་པ་རེད། ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུ་ཡིན། ང་དང་ཌོ་ནལ་ཊོམ་གཉིས་གྲོགས་པོ་ཡིན་ཞེས་བཤད་ཡོད། ཡིན་ནའང་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མི་འདུག ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་སློག་རྒྱུའི་ཁྱབ་བསྒྲགས་བྱས་ནས་བཟུང་། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་འགལ་རྐྱེན་རིམ་པ་ཞིག་འཕྲད་ཀྱི་ཡོད་པ་དང་། བདུན་ཕྲག་སྔོན་མར་རྒྱ་ནག་དང་ཨ་མི་རི་ཀའི་མཐོ་རིམ་ཚོང་དོན་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་ཚོང་ལས་ཐོག་ཏུ་འཁྲུག་རྩོད་མི་འབྱུང་བའི་གྲོས་མོལ་བྱས་ཀྱང་ད་སྔ་བདུན་ཕྲག་སྔོན་མའི་གྲོས་མོལ་དེར་གྲུབ་འབྲས་ཐོན་ཡོད་པའི་རྣམ་པ་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གི་རེའུ་མིག་ལ་འགྱུར་བ་གཏོང་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པར་བལྟས་ཚེ། པེ་ཅིང་གི་དབང་འཛིན་པ་ཚོར་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་ཐོབ་ཀྱི་མེད་པའི་དངངས་སྐྲག་ཡོད་པ་དང་། ༡༩༤༩་ནས་ཐེ་ཝན་གྱི་བདག་དབང་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཅིག་འཛིན་གྱི་མེད་པར་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་བདེ་བོ་མེད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་ཧོང་ཀོང་གི་ན་གཞོན་ཤེས་ཡོན་ཅན་ཚོས་ཀྱང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་རང་བཙན་བྱ་དགོས། ཧོང་ཀོང་རྒྱ་ནག་གི་མངའ་ཁོངས་མིན་ཞེས་སྐད་འབོད་བྱས་པའི་རྗེས་སུ་རྒྱ་ནག་གཞུང་ལ་ཧོང་ཀོང་གི་གནད་དོན་ཚོར་སྐྱེན་རྣོན་པོ་ཞིག་ལ་གྱུར་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཌལ་ཊ་མཁའ་ལམ་ལས་ཁུངས་ལ་ཁྱེད་ཚོའི་རེའུ་མིག་ནང་དུ་ནོར་འཁྲུལ་འདུག ཌལ་ཊ་མཁའ་ལམ་ལས་ཁུངས་ཀྱི་དྲ་ལམ་རེའུ་མིག་ནང་དུ་བོད་དང་ཐེ་ཝན། ཧོང་ཀོང་དང་ཨོ་མེན་རྣམས་རྒྱ་ནག་གི་མངའ་ཁོངས་མིན་པར་རྒྱལ་ཁབ་ཐ་དད་ཀྱི་རེའུ་མིག་ནང་དུ་བཀོད་འདུག་ཅེས་སྐྱོན་བརྗོད་བྱས་པས་ཨ་མི་རི་ཀའི་ཌལ་ཊ་མཁའ་ལམ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་བཟོད་གསོལ་ཞུས་པ་དང་། ད་དུང་ཨ་མི་རི་ཀའི་མེ་རེ་ཡེ་ཊི་མགྲོན་ཁང་གིས་ཀྱང་རྒྱ་ནག་གི་བདག་དབང་ལ་གནོན་པ་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་མི་བྱེད་པ། ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་རྩ་འཛུགས་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་ཁས་ལེན་བྱ་དགོས་ཐུག་ཡོད། ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལ་ཡི་གེ་ཞིག་བཏང་ཡོད་པ་དེ་ནས་གུང་ཁྲན་ཏང་གི་འགོ་ཁྲིད་ཚོར་བོད་དང་ཐེ་ཝན། ཧོང་ཀོང་དང་ཨོ་མེན་གྱི་བདག་དབང་ཐོག་ཏུ་རྩོད་གླེང་འབྱུང་གི་ཡོད་པ་མགོ་བོ་འབུར་འཇོམས་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་པའི་ལྟ་ཚུལ་བཅངས་ཡོད་པ་མཚོན་གྱི་འདུག་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག

XS
SM
MD
LG