ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་གསར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འཛམ་གླིང་ས་ཕྱོགས་གང་སའི་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཞིག་གིས་གྲུབ་པའི་ཉམས་ཞིབ་ཚོགས་པ་ཞིག་གིས་ཞིན་ཅང་གི་བཀག་ཉར་ཁང་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་གསར་པ་མང་པོ་ཞིག་ལག་སོན་བྱུང་ཡོད་ཅེས་དྲྭ་ལམ་དུ་གསར་འགྱུར་སྤེལ་འདུག བདུན་ཕྲག་སྔོན་མར་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་བརྒྱུད་ནས་ཡིག་ཆ་ཤོག་གྲངས་༤༠༣་ལག་སོན་བྱུང་སོང་ཞེས་ཞིན་ཅང་གི་གནད་དོན་སྐོར་གྱི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་བཀྲམ།

འདི་ནི་ཞིན་ཅང་གི་བཀག་ཉར་ཁང་དང་འབྲེལ་བ་ཡོད་པའི་རྒྱ་གཞུང་གི་ནང་ཁུལ་གྱི་གསང་བའི་ཡིག་ཆ་ཕྱིར་བསྒྲགས་བྱས་པ་ཐེངས་གཉིས་པ་དེ་ཡིན་ཞིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པའི་ཉམས་ཞིབ་ཚོགས་པས་ཡིག་ཆ་འདི་ནི་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་ཚོ་བརྒྱུད་ནས་ལག་སོན་བྱུང་བ་ཞིག་ཡིན། ཡིག་ཆ་འདི་དག་ཁུངས་ལྡན་ཡིན་པ་ཚད་ཐུབ་ཀྱི་མཁས་པ་ཚོ་དང་གསང་བའི་ལས་ཁུངས་ཀྱི་མི་སྣ་ཁག་གིས་བདེན་དཔང་བྱས་ཡོད་ཅེས་བཤད། ཡིག་ཆ་དེ་དག་གི་ནང་དུ་རྒྱ་ནག་གཞུང་གིས་བཀག་རྒྱ་དམ་པོའི་འོག་ཏུ་ཞིན་ཅང་གི་ཡུ་གུར་བའི་བསམ་བློ་དང་སྐད་ཡིག་སྒྱུར་བཀོད་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད།

ཡིག་ཆ་གསར་པ་དེའི་ཁོངས་སུ་སྤྱི་ལོ་༢༠༡༧་ལོར་ཞིན་ཅང་གི་འགོ་ཁྲིད་ཨང་གཉིས་པ་སྟེ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཀྲུའུ་ཧེ་ལོན་གྱིས་དངོས་སུ་མིང་རྟགས་བཀོད་ནས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་དོ་དམ་པ་ཚོར་བཀའ་བཏང་ཡོད་པའི་ཡིིག་ཆ་ཤོག་གྲངས་བདུན་ཅན་ཞིག་ཀྱང་ཡོད་ཅིང་། འདས་པའི་ལོ་གསུམ་གྱི་རིང་ལ་རྒྱ་ནག་གཞུང་གིས་ཞིན་ཅང་དུ་ཡུ་གུར་བ་དང་ཧ་ས་ཁ་བ་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་ཡོད་པ་ཡོངས་གྲགས་སུ་གྱུར་ཀྱང་རྒྱ་ནག་གཞུང་གིས་ཁང་པ་དེ་རྣམས་ལག་ཤེས་སློབ་སྦྱོང་སྤྲོད་སའི་ལྟེ་གནས་ཡིན་ཞེས་བཀྲལ། ཉེ་ཆར་ཕྱི་ལ་ཤོར་པའི་རྒྱ་ནག་གཞུང་གི་ནང་ཁུལ་གྱི་ཡིག་ཆ་དེར་བཀག་ཉར་ཁང་གི་མཐའི་ལྕགས་རི་དང་སོ་སྲུང་ཁང་། ལྟ་འཛིན་གློག་མིག་སོགས་ཡོ་བྱད་དེ་དག་གིས་བཀག་ཉར་ཁང་ཡིན་པ་ར་སྤྲོད་ཐུབ་ཅིང་། རྒྱ་ནག་གཞུང་གིས་བཤད་བཞིན་པའི་ལག་ཤེས་སློབ་སྦྱོང་སྤྲོད་ཡུལ་གྱི་ལྟེ་གནས་རྣམས་དོན་དངོས་སུ་བཙོན་ཁང་དང་གཉིས་སུ་མི་འདུག་ཅེས་བཀོད།

གོང་གི་གསར་འགོད་པའི་ཞིབ་འཇུག་ཚོགས་པའི་གྲས་སུ་མཉམ་ཞུགས་བྱས་ཡོད་པའི་ཨ་རིའི་གསར་འགོད་པ་བྷ་ཌི་སི་ནེ་ཨེ་ལིན་ཨེ་ཌི་བྷི་ཧན་མིན་གྱིས་རྒྱ་ནག་གློག་འཕྲིན་ཞེས་འབོད་བཞིན་པའི་ཡིག་ཆ་འདིའི་ནང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་མི་རྣམས་འཛིན་བཟུང་བཀག་ཉར་བྱ་ཐབས་ཀྱི་འཆར་གཞི་མང་པོ་བཀོད་འདུག ཡིག་ཆ་དེར་བྲོས་བྱོལ་བ་རྣམས་ཇི་ལྟར་འགོག་སྲུང་བྱ་དགོས་མིན་ཞིབ་ཕྲ་བཀོད་ཡོད་པ་དང་བཀག་ཉར་ཁང་དེ་དག་ནང་དུ་བཅུག་ཡོད་པའི་མི་རྣམས་རང་མོས་ཀྱིས་འཛུལ་ཞུགས་བྱས་པ་མིན་པ་རྒྱ་ནག་གཞུང་གི་ཡིག་ཆ་དེས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་འདུག ཡིག་ཆ་འདིའི་ནང་དུ་རྒྱ་ནག་གཞུང་གིས་དེང་རབས་ཀྱི་འཕྲུལ་རིགས་ལག་རྩལ་ལ་བརྟེན་ནས་བདུན་ཕྲག་གཅིག་རེའི་ནང་དུ་མི་གྲངས་ཁྲི་ཕྲག་བརྒལ་བར་འདྲི་གཅོད་དང་བཀག་ཉར། ཁོ་ཚོའི་མིང་ཐོ་འདོན་ཐུབ་པ་སོགས་སྤྱི་ཚོགས་ཡོངས་ལ་སྟངས་འཛིན་བྱེད་ཐབས་གསར་པ་ཞིག་ལག་བསྟར་བྱེད་བཞིན་འདུག་ཅེས་ཐེར་འདོན་བྱས་འདུག

ཞིན་ཅང་གི་བཀག་ཉར་ཁང་དང་འབྲེལ་བའི་གནས་ཚུལ་གསར་པ་འདི་ཕྱི་ལ་འདོན་མཁན་གྱི་རྒྱལ་སྤྱིའི་གསར་འགོད་པའི་ཉམས་ཞིབ་ཚོགས་པ་འདི་ནི་༡༩༩༧་ལོར་གསར་དུ་ཚུགས་པའི་ཚོགས་པ་ཞིག་ཡིན། ཚོགས་པ་འདིའི་ཁོངས་སུ་འཛམ་གླིང་རྒྱལ་ཁབ་༦༠་ལྷག་གི་གསར་འགོད་པ་བརྒྱ་ཕྲག་ལྷག་འདུས། སྤྱི་ལོ་༢༠༡༦་ལོར་ཚོགས་པ་འདིས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་གལ་ཆེན་བརྒྱ་ལྷག་གི་གསང་བའི་གནས་ཚུལ་འདུས་པའི་པ་ན་མའི་ཡིག་ཆ་ཞེས་པ་ཞིག་བཀྲམ་པ་དེའི་ནང་དུ་རྒྱ་ནག་གི་མཐོི་རིམ་འགོ་ཁྲིད་ཁག་ཅིག་དང་ཁོ་ཚོའི་ནང་མི་བཅས་ཀྱི་གསང་བའི་གནས་ཚུལ་རྣམས་ཕྱི་ལ་བསྒྲགས་མྱོང་བ་རེད།

XS
SM
MD
LG