ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་དང་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཚད།


༄༅།། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཆ་བགོ་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༦༥་ཐོན། འདི་ནི་ཉི་མ་གཅིག་གི་སྔོན་དང་བསྡུར་ན་ནད་པ་༣་མང་དུ་ཕྱིན་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གཅིག་པུར་ནད་པ་༦༠་ཡོད་པ་དེ་རྣམས་ཁྱིམ་ཚང་གསུམ་གྱི་མི་ཡིན་པར་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་འདུག ད་དུང་རྟའུ་རྫོང་གི་མི་༤༡༠་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་བཀག མི་༡༩༠༨་རང་ཁྱིམ་དུ་བཀག་སྟེ་བརྟག་དཔྱད་བྱེད་ཀྱི་ཡོད་ཅིང་། མི་༨༤༦༣་ལ་ཏོག་དབྱིབས་ནད་རྟགས་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། རྟའུ་རྫོང་ལ་ཁྱོན་བསྡོམས་མི་གྲངས་ཁྲི་ཚོ་༦་ལྷག་ཡོད་པ་དང་གཟའ་ལྷག་པ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་འགའ་ཞིག་ལ་སྐྱེལ་འདྲེན་དང་འགྲིམ་འགྲུལ་སླར་གསོ་བྱུང་འདུག

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་ཡོད་པ་དེའི་ཁོངས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༡༡་ལས་མེད་པ་དང་མཚོ་བྱང་ཁུལ་དུ་ནད་པ་༣་ཡོད་པ་དེའི་ནང་གི་མི་༢་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༡་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༨་ཡོད་པ་དེའི་གྲས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་། ད་ལྟ་ནད་པ་༤་ལས་མེད་པ་དེ་དག་ལ་སྨན་བཅོས་བྱེད་བཞིན་ཡོད། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་ཡོད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱི་ལ་ཐོན་ཡོད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ། ཕྱི་ཟླ་༢་ཚེས་༡༩་ཀྱི་མཚམས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༨༠་ཡོད་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་རྩད་གཅོད་བྱེད་དཀའ། དེང་སྐབས་རྟའུ་རྫོང་ལ་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་སེལ་ཐབས་སུ་བོད་པ་སྤྱི་སྒེར་གཉིས་དང་སྐྱ་སེར་ལ་དབྱེ་བ་མེད་པར་དངུལ་སྒོར་ཞལ་འདེབས་དང་ཁ་རས་ཉོ་བ། སྨན་པ་དང་སྨན་ཞབས་པ་རྣམས་དངོས་སུ་རྟའུ་རྫོང་དུ་རོགས་སྐྱོར་ལ་བསྐྱོད་པ། བོད་པ་སྒྱུ་རྩལ་བ་ཚོས་རྟའུ་རྫོང་གི་ནད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་བ་དང་བོད་པ་ཚོས་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་སྟོན་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

ཕྱི་ཟླ་༢་ཚེས་༡༩་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་༢༠༠༤་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༧༤༡༨༥་ཟིན། ཁ་སང་ཉི་མ་གཅིག་ལ་མི་༡༣༦་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་དང་ནད་པ་གསར་པ་༡༧༤༩་འཕར་སྣོན་བྱུང་སོང་ཞེས་བསྒྲགས། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལོ་ན་༧༠་ཐམ་པར་སོན་པའི་རྒད་པོ་ཞིག་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་འདས་གྲོངས་སུ་གྱུར་པ་བསྡོམས་ཚེ། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་བྱུང་ནས་མི་༢༠༠༥་ལ་འཆི་སྐྱོན་བྱུང་། རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཁག་ཅིག་གིས་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་ཏོག་དབྱིབས་རིམས་ནད་ངར་ཤུགས་ཆག་སྲིད་ཅེས་རེ་ལྟོས་འཆང་། སྲིད་འཛིན་ཞིས་ཅིན་ཕིང་གིས་རིམས་ནད་བཀག་སྡོམ་གྱི་གཙོ་འགན་བཞེས་ཡོད་པའི་རྣམ་འགྱུར་སྟོན་པ་དང་ལོ་འདིའི་རིམས་ནད་ཀྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ལ་གནོད་སྐྱོན་འཕོག་མི་ཐུབ། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འགྲིམ་འགྲུལ་བཀག་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་བྱེད་སྒོ་རྣམས་འཕྲལ་དུ་གཉེར་འཛིན་བྱ་དགོས་ཟེར། ཡིན་ནའང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་སྲིད་པའི་འཇིགས་སྣང་གིས་སྐྱེ་བོ་སྒེར་གྱི་འགུལ་སྐྱོད་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་སྟེ། པེ་ཅིང་གྲོང་ཁྱེར་གྱི་ཞཱི་ཁྲེང་ས་ཁུལ་དུ་མི་གྲངས་ས་ཡ་ཕྱེད་ཀ་ལྷག་ཡོད་པ་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་ཆོག་ཅེས་བཀག རྒྱ་ནག་གི་ཧུ་པེ་ཞིང་ཆེན་གཙོ་བོར་གྱུར་བའི་ས་གནས་མང་དག་ཅིག་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་ཡོད་པ་རྣམས་རྒྱལ་ས་པེ་ཅིང་ལའང་ཁྱབ་ཀྱི་ཡོད་པ་རེད།

ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་བཀག་སྡོམ་ནན་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་དང་ནད་དུག་དེའི་ཛ་དྲག་གི་རང་བཞིན་རྒྱ་ནག་མི་དམངས་ལ་སྦ་གསང་བྱས་ཡོད་པས་འཛམ་གླིང་རྒྱལ་ཁབ་ཁག་རྒྱ་ནག་ལ་ཡིད་ཆེས་བརླགས་པ་རེད་ཅེས་གསར་འགྱུར་སྤེལ་མཁན་ཚོ་རྒྱ་ནག་ནས་ཕྱིར་ཕུད་གཏོང་བའམ། ཡང་ན་ཕྱི་རྒྱལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ནས་འབྲེལ་ཡོད་གྱི་གསར་འགོད་པ་ཚོར་ཁ་རྡུང་གི་ཡོད་པ་རེད། དཔེར་ན་ཨ་མི་རི་ཀའི་ཝོལ་སི་ཊི་རི་ཊི་ཚགས་པར་ཁང་གི་གསར་འགོད་པ་གསུམ་ལ་རྒྱ་ནག་གི་ས་ཐོག་ཏུ་གསར་འགོད་པའི་ལས་རིགས་གཉེར་ཆོག་པའི་ལག་འཁྱེར་སྤྲད་ཡོད་པ་ཕྱིར་བསྡུ་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཕྱི་ཟླ་༢་པའི་ཚེས་༣་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་གྱི་གསར་འགོད་པ་ཚོས་རྒྱ་ནག་ནི་ཨེ་ཤི་ཡའི་སྐྱེ་བོ་ནད་པ་དེ་རེད་ཅེས་གསར་འགྱུར་སྤེལ་སོང་། འདི་ནི་རྒྱ་མི་རིགས་ལ་དབྱེ་འབྱེད་དང་མཐོང་ཆུང་གི་གསར་འགྱུར་ཞིག་ཡིན་པས་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་ཁང་གི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་རྒྱུ་མཚན་བགྲངས། ཝོལ་སི་ཊི་རི་ཊི་ཚགས་པར་ལས་ཁང་གིས་རྒྱ་ནག་ལ་བཟོད་གསོལ་ཞུས་ཀྱང་མ་མཉན། ཕྱི་ཟླ་༢་པའི་ཚེས་༡༨་ཉིན་བལ་ཡུལ་གྱི་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཅིག་ཁྱབ་ཀྱི་ཡོད་པ་སྦ་གསང་བྱས་ནས་གང་ཅིའི་ཐད་དུ་ཇེ་སྡུག་ལ་བཏང་སོང་ཞེས་རྩོམ་ཡིག་ཅིག་བཀོད། དེར་བརྟེན་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་དང་རྩོམ་སྒྲིག་པའི་མིང་དངོས་སུ་བཏོན་ནས་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ། དེ་རིང་ཕྱི་ཚེས་༡༩་ཉིན་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གི་རྩོམ་སྒྲིག་པ་༡༧་གྱིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གཞུང་ཚབ་ཁང་གི་གསར་འགོད་གསལ་བསྒྲགས་དེར་ངོ་རྒོལ་བྱས་འདུག

རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ན་ནིང་ལོ་མཇུག་དེར་མི་༡༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་འདུག་ཅེས་ས་གནས་གཞུང་དང་འབྲེལ་ཡོད་ཀྱི་འཕྲོད་བསྟེན་ལས་སྣེ་ཚོས་རིམས་ནད་དེར་སྣང་ཆུང་བཏང་བ་དང་འཕྲལ་དུ་ཁྱབ་བསྒྲགས་མ་བྱས་པའི་སྐྱོན་བྱུང་ཡོད་པའི་གོ་རྒྱུ་བཏང་འདུག སྙན་ཐོ་དེར་ཕྱི་ཟླ་༡༢་པའི་ཚེས་༣༡་གི་མཚམས་སུ་མི་༡༠༤་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། མི་དེ་དག་གི་གྲས་ཀྱི་༡༥་ཕྱིས་སུ་འདས་གྲོངས་སུ་གྱུར། ཝུ་ཧན་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་ཁང་གིས་ཕྱི་ཟླ་དང་པོའི་ཚེས་༣་ཉིན་མི་༤༤་ལ་འགོས་ནད་ཅིག་ཀྱང་མི་ལ་འཆི་སྐྱོན་བྱུང་མེད་ཅེས་གསར་འགྱུར་ཞིག་སྤེལ། ཕྱི་ཟླ་དང་པོའི་ཚེས་༡༠་ཡས་མས་སུ་རྒྱ་ནག་ལ་ཞིང་ཆེན་༣༡་ཡོད་པ་དེའི་ནང་གི་ཞིང་ཆེན་༢༠་ཐམ་པར་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཁྱབ་ཟིན་འདུག ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་ཀོང་ཏུང་ཞིང་ཆེན་གྱི་མི་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འཆི་སྐྱོན་བྱུང་བ་རེད་ཅེས་ཝུ་ཧན་གྲོང་ཁྱེར་གཞུང་གི་རིམས་ནད་དེའི་སྐོར་ལ་གསར་འགྱུར་སྤེལ་བ་དང་ནང་འགལ་གྱི་སྙན་ཐོ་ཞིག་བཏོན་འདུག རྒྱ་ནག་མི་དམངས་དང་སྲིད་གཞུང་གི་ནང་ཁུལ་བཅས་སུ་སྲིད་འཛིན་ཞིས་ཅིན་ཕིང་གིས་ཏོག་དབྱིབས་རིམས་ནད་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་མེད་པ་དང་ཞིས་ཅིན་ཕིང་གིས་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་དམ་ཞེས་སྐྱོན་བརྗོད་བྱ་རྒྱུ་ཇེ་མང་དུ་སོང་། གཟའ་འཁོར་འདིར་རྒྱ་གཞུང་གི་ལས་སྣེ་ཚོས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཝུ་ཧན་གྲོང་ཁྱེར་ལ་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་པ་སྔོན་ནས་མཁྱེན་རྟོགས་བྱུང་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་གིས་ནད་ཡམས་སྔོན་འགོག་ལ་ལམ་སྟོན་གྱི་གསུང་བཤད་གནང་ཡོད་ཅེས་གཏམ་བཤད་དེའི་ཡིག་ཆ་རྣམས་གསར་ལམ་ཁག་ཏུ་བཀྲམ།

རྒྱལ་སྤྱིའི་སྨན་པ་མཁས་པ་ཚོས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འདི་ལས་སླ་བོར་འཇོམས་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀའི་ཆམ་རིམས་འགོས་ནད་བཀག་སྡོམ་ཁང་གི་འགན་འཛིན་ཨན་ཐོ་ཎི་ཧྥོ་སི་ཞེས་པ་ཞིག་གིས་ང་ཚོས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཉུང་དུ་འགྲོ་བཞིན་འདུག་ཅེས་ཁྱབ་བསྒྲགས་བྱེད་ཐུབ་རྒྱུ་ཁག་པོ་འདུག ཉི་ཧོང་གི་མཚོ་ཁར་ཉི་མ་༡༤་ལ་ལོགས་སུ་བཀག་པའི་སྤྲོ་འཆམ་གྲུ་གཟིངས་དེར་སླར་ཡང་ནད་པ་གསར་པ་༧༩་བྱུང་འདུག་ཅེས་བཤད། རྒྱལ་སྤྱི་སྤྲོ་འཆམ་གྲུ་གཟིངས་དེར་མི་༣༧༠༠་ཡོད་པ་དེའི་ཁོངས་ནས་མི་༦༢༡་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་རུང་མི་མང་པོ་ཞིག་ལ་ནད་རྟགས་མངོན་དཀའ། ཨ་མི་རི་ཀས་ཉི་ཧོང་གི་གྲུ་གཟིངས་དེའི་ནང་ནས་སྐྱོབ་ལེན་བྱས་པའི་མི་༡༤་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཕྱིས་སུ་ཤེས་རྟོགས་བྱུང་ཞིང་། ད་ལྟ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་སྲིད་པ་སྔོན་འགོག་དང་བརྟག་དཔྱད་ཀྱི་འཕྲུལ་ཆས་སོགས་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་མཁོ་སྤྲོད་བྱ་འཆར་ཡོད་ཅེས་གནས་ཚུལ་སྤེལ། དེང་སྐབས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་ཉུང་མཐར་ཡང་རྒྱ་ནག་པ་ས་ཡ་༡་ལྷག་གིས་འཛུགས་སྐྲུན་གྱི་ལས་གྲྭ་ཁག་ཏུ་ངལ་རྩོལ་རྒྱུག་གི་ཡོད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་མེད་པ་དང་ཆབ་སྲིད་བརྟན་ལྷིང་མེད་པ། སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་འཐུས་ཚང་མེད་པས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཨ་ཧྥི་རི་ཀར་ཁྱབ་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་ངེས་ཡིན་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་མིག་དམར་ཉིན་ཨི་ཇེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་སྣེ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

XS
SM
MD
LG