ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༥་ཚེས་༢༢་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལེང་ཞའོ་ཅུན་དང་ལིན་ཆི་ལེ་གཉིས་ཀྱིས་ཁ་པར་བརྒྱུད་ནས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ངེས་གཏན་བྱས་པ་ལྟར་ན་དེ་རིང་གཟའ་མིག་དམར་ཉིན་མཚོ་སྔོན་ཞིང་ཆེན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་ཁང་ཞིག་གིས་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད་ཡོད་པ་རེད། ༢༠༡༦་གི་མགོ་སྟོད་དེར་ལོ་ན་༣༣་སོན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་བརླག་འགྲོ་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་བརྙན་འཕྲིན་གསར་འགོད་པར་འགྲེལ་བཤད་བརྒྱབ་སྟེ་ཟླ་བ་གཉིས་ཀྱི་རྗེས་སུ་དོ་བདག་འཛིན་བཟུང་ཐེབས། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་གིས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པའི་སྐད་ཆ་དེ་རྣམས་ཁ་བྲལ་རིང་ལུགས་ཀྱི་སྐུལ་སློང་རེད་ཅེས་ནག་ཉེས་བཙུགས་ནས་ཁྲིམས་བཤེར་འགོ་ཚུགས། ཁྲིམས་རྩོད་པ་ཚོས་བཀྲ་ཤིས་དབང་ཕྱུག་གི་བཙོན་འཇུག་ཉེས་ཆད་འཛིན་བཟུང་བྱས་པའི་ཉི་མ་དེ་ནས་བརྩི་དགོས་པས་༢༠༢༡་ལོའི་ལོ་སྟོད་དེར་བཀྲ་ཤིས་དབང་ཕྱུག་གློད་གྲོལ་ཐོབ་རྒྱུ་ཡིན་པ་དང་། ཡིན་ནའང་ང་ཚོས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་འཆར་ཡོད། ཅིའི་ཕྱིར་ཞེ་ན་བཀྲ་ཤིས་དབང་ཕྱུག་གིས་ང་ལ་ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད་ན་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་དགོས་ཞེས་མངགས་བཀོད་བྱས་བྱུང་། བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་གཅོད་པའི་དུས་སུ་ཁྱིམ་ཚང་གི་བཟའ་མི་གཉིས་མ་གཏོགས་མི་གཞན་པ་སུ་ཡང་ཁྲིམས་ཁང་ལ་ཡོང་དུ་བཅུག་མེད་པར་མ་ཟད། ང་ཚོ་ཁྲིམས་རྩོད་པ་གཉིས་ཀྱང་ཡུལ་ཤུལ་ཁུལ་ལ་ཡོང་དུ་བཅུག་མ་སོང་དང་། བཅད་ཁྲ་སྒྲོགས་པའི་དུས་སུ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཆད་བབས་པ་ཤེས་བྱུང་ངམ་ཞེས་དྲིས་པས་དོ་བདག་གིས་ཤེས་བྱུང་ཞེས་ལན་བཏབ་པ་ཙམ་ལས་དེ་མིན་གྱི་སྐད་ཆ་གང་ཡང་བཤད་མ་སོང་ཞེས་ཁྲིམས་རྩོད་པས་གསར་འགོད་པར་བཤད་འདུག རྒྱ་ནག་གི་ཁྲིམས་ཁང་ཁག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཏུ་ཡོད་པས་བཀྲ་ཤིས་དབང་ཕྱུག་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡ་མཚན་ཞིག་མིན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པའི་ཉེས་དོན་ཞིག་ལ་ཁྲིམས་ཐག་མ་བཅད་པར་གུ་ཡངས་བཏང་མྱོང་མེད་ཅེས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག

XS
SM
MD
LG