ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁོམ་བྷོ་ཌི་ཡར་ཆགས་པའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གསར་པ།


༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཌི་ཡར་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་༣༨་མ་རྩ་བཙུགས་ནས་ཀོ་ཀོང་མཚོ་འགྲམ་དུ་གྲུ་ཁ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་བཟོ་བ་དང་རྒྱ་ནག་གི་མ་རྩ་འཛུགས་མཁན། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འབའ་ཞིག་གིས་ལོངས་སུ་སྤྱོད་པའི་ས་གནས་ཤིག་ཡིན་པས་ཁེམ་བྷོ་ཌི་ཡའི་ས་ཐོག་ཏུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གསར་པ་ཞིག་ཆགས་ཀྱི་ཡོད་ཅིང་། ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་རྟག་ཏུ་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་པ་ཞིག་ཡིན། ཁེམ་བྷོ་ཌི་ཡའི་མངའ་ཁོངས་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་དེའི་རང་བཙན་རྣམས་སྲོག་ལྟར་རྩི་བཞིན་ཡོད། ཁེམ་བྷོ་ཌི་ཡའི་རྒྱལ་སྲིད་ལ་རྒྱལ་ཁབ་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག་ཅེས་རྣམ་འགྱུར་དྲག་པོ་བསྟན་ནས་སྐད་ཆ་མཁྲེགས་པོ་བཤད་མཁན་ཞིག་ཡིན་རུང་། སྲིད་བློན་ཧུན་སེན་གྱི་བཀའ་འཁྲོལ་ལྟར་རྒྱ་ནག་གི་ལས་འཛུགས་ལས་ཁང་ཞིག་གིས་ཁེམ་བྷོ་ཌི་ཡའི་ས་ཁྱོན་ཧེཀ་ཊར་༤༥༠༠༠་ལྷག་གི་ཐོག་ཏུ་གྲུ་ཁ་ཞིག་དང་གནམ་ཐང་ཞིག་འཛུགས་སྐྲུན་བྱེད་པའི་ལས་གཞི་རྒྱ་ཆེན་པོ་ཞིག་གཉེར་བཞིན་མཆིས། འདི་ནི་དོན་དམ་དུ་རྒྱ་ནག་གིས་ཁེམ་བྷོ་ཌི་ཡའི་ས་ཐོག་ཏུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གྲོང་ཁྱེར་གསར་པ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་བསྙོན་དུ་མེད། ༢༠༠༨་ལོར་ཁེམ་བྷོ་ཌི་ཡའི་གཞུང་གིས་རང་གི་མཚོ་ཁ་བརྒྱ་ཆ་༢༠་ཐམ་པ་ལོ་༩༩་རིང་དུ་རྒྱ་ནག་གི་ཐེན་ཅིན་མཉམ་འབྲེལ་འཛུགས་སྐྲུན་ཁང་ལ་གླས་ནས་ས་ཁྱོན་ཧེཀ་ཊར་རེར་ས་གླ་ཨ་སྒོར་༣༠་ཐམ་པ་རེ་ལེན་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཁེམ་བྷོ་ཌི་ཡའི་གཞུང་གིས་གནམ་ཐང་གསར་པ་དེར་ཨ་སྒོར་དུང་ཕྱུར་༣༨་འཛུགས་སྐྲུན་གྱི་འགྲོ་གྲོན་གཏོང་དགོས་པར་དམིགས་སྒོ་མེད། རྒྱ་ནག་གི་མ་རྩ་འཛུགས་འཇོག་ཁེམ་བྷོ་ཌི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ཁག་ལ་དགེ་མཚན་ཡོད། གནམ་ཐང་འཛུགས་སྐྲུན་འགྲུབ་མཚམས་སུ་ལོ་རེར་འགྲུལ་པ་ས་ཡ་༡༠་ཡས་མས་རེ་ཁེམ་བྷོ་ཌི་ཡར་འགྲོ་འོང་བྱེད་ཐུབ་ཅེས་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟ་ནས་ཁེམ་བྷོ་ཌི་ཡའི་དྷ་ར་ས་ཀོར་མཚོ་འགྲམ་གྱི་སྤྲོ་སྐྱིད་ས་ཁུལ་དེ་ཉིད་རྒྱ་ནག་གི་མི་སེར་སྤེལ་ཡུལ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པ། རྒྱ་ནག་གི་རིག་གཞུང་ཁྱབ་པའི་ས་གནས་ཤིག་གི་རྣམ་པར་གྱུར་ཟིན་ཡོད་པར་མ་ཟད། སྲིད་བློན་ཧུན་སེན་ལ་སྐྱོན་བརྗོད་བྱེད་མཁན་ཚོས་རྒྱ་ནག་གིས་མ་རྩ་བཙུགས་པའི་ལས་གཞི་དེ་ཉིད་ཁེམ་བྷོ་ཌི་ཡ་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ལ་འགྱུར་རྒྱུའི་སྔ་ལྟས་ཤིག་རེད་ཅེས་ཁ་རྡུང་བཏང་ཞིང་། ཁེམ་བྷོ་ཎི་ཡའི་བཅའ་ཁྲིམས་སུ་རྒྱལ་ཁབ་ཀྱི་ས་ཁྱོན་ཧེཀ་ཊར་༡༠༠༠༠་ལྷག་རྒྱལ་ཁབ་གཞན་ལ་གླ་འཚོང་མི་ཆོག་ཅེས་འཁོད་ཀྱང་ཁིམ་བྷོ་ཌི་ཡའི་རྒྱལ་པོ་དང་སྲིད་གཞུང་གཉིས་ཀས་རྒྱ་ནག་གི་འབྱོར་ལྡན་པ་ཚོར་ས་ཆ་གླས་པ་དང་ས་ཆ་འཚོང་གི་ཡོད་པ་ཁག་ཅིག་རྒྱལ་ཁབ་དེའི་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་སྤྱི་གླིང་གི་ཁོངས་སུ་གཏོགས། དེར་བརྟེན་ཁེམ་བྷོ་ཌི་ཡའི་གྲོང་གསེབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་ཚོས་རྟག་ཏུ་རྒྱ་ནག་གི་འཛུགས་སྐྲུན་ལས་ཁང་དེར་ངོ་རྒོལ་བྱས་ནས་འཁྲུག་རྩོད་ལངས། ཁེམ་བྷོ་ཌི་ཡའི་དམག་དང་ཉེན་རྟོག་པས་རང་གི་མི་དམངས་དང་རྒྱ་ནག་གི་འཛུགས་སྐྲུན་ལས་ཁང་དེའི་འཁྲུག་རྩོད་ཁག་ལ་བར་འགོག་བྱ་དགོས་ཐུག་གི་ཡོད་ཅིང་། སྐབས་འགར་ཁེམ་བྷོ་ཌི་ཡའི་དམག་དང་ཉེན་རྟོག་པ་ཚོས་གྲོང་གསེབ་པའི་ཁང་པ་མེར་སྲེག་དང་ས་གནས་དེའི་མི་རྣམས་རང་ཁྱིམ་ནས་མཐར་སྐྲོད་བཏང་ནས་རྒྱ་ནག་གི་འཛུགས་སྐྲུན་ལས་ཁང་དེར་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་དང་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པ་སྒོ་བརྒྱབ་པ། ཁོང་གིས་ཁེམ་བྷོ་ཌི་ཡའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱས་ནས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་འཛུགས་ཀྱི་ཡོད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁེམ་བྷོ་ཌི་ཡར་དཔལ་འབྱོར་རོགས་རམ་བཅད་པའམ། ཡང་ན་རྒྱལ་ཁབ་མང་དག་ཅིག་གིས་ཁེམ་བྷོ་ཌི་ཡར་དཔལ་འབྱོར་རོགས་རམ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅི་ཙམ་སྲིད་བློན་ཧུ་སེན་ལ་སྐྱོན་བརྗོད་དང་གནོན་ཤུགས། ཁེམ་བྷོ་ཌི་ཡར་དཔལ་འབྱོར་རོགས་རམ་བཅད་ན་སྲིད་བློན་ཧུ་སེན་དང་ཁེམ་བྷོ་ཌི་ཡའི་སྲིད་གཞུང་དེ་ཙམ་གྱིས་རྒྱ་ནག་གི་རྒྱབ་སྐྱོར་དང་རྒྱ་ནག་གི་དཔལ་འབྱོར་རོགས་རམ་ལ་བརྟེན་དགོས་ཐུག་གི་ཡོད་ཅིང་། སྲིད་བློན་ཧུ་སེན་གྱིས་ཀོ་ཀོང་ས་གནས་ཀྱི་འཛུགས་སྐྲུན་ལས་གཞི་དཔེ་སྲོལ་ལ་བཟུང་ནས་དཔལ་འབྱོར་སྲིད་ཇུས་ཤིག་ལག་ལེན་བསྟར་ཚེ། ནམ་ཞིག་ཁེམ་བྷོ་ཌི་ཡ་རྒྱལ་ཡོངས་རྒྱ་ནག་གི་མི་སེར་སྤེལ་ཡུལ་དུ་གྱུར་ནས་རྒྱལ་ཁབ་ཀྱི་བདག་དབང་འཆོར་སྲིད། རྒྱ་ནག་གིས་ཁེམ་བྷོ་ཌི་ཡའི་མཚོ་ཁ་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཡོངས་ལ་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུའི་དམིགས་ཡུལ་འཆང་འདུག་ཅེས་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་དཔྱད་བརྗོད་སྤེལ། རྒྱ་ནག་གིས་ཁེམ་བྷོ་ཌི་ཡ་དང་སིང་ག་ལ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གྲུ་ཁ་དང་གནམ་ཐང་། མེ་འཁོར་ལྕགས་ལམ་དང་མྱུར་སྐྱོད་གཞུང་ལམ་ཁག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ལས་གཞི་ལ་འབྲེལ་བ་ཡོད་པ་སྟེ། རྒྱ་ནག་གིས་འཛམ་གླིང་ཧྲིལ་བོར་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གྲུ་ཁ་དང་གནམ་ཐང་སོགས་ཀྱི་འབྲེལ་བ་མཐུད་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད། རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་དང་རྒྱུད་གཅིག་ལམ་གཅིག་གི་ཁོངས་སུ་ཚུད་པའི་རྒྱལ་ཁབ་ཁག་གི་རང་བྱུང་ཐོན་སྐྱེད་རྒྱ་ནག་ལ་ནང་འདྲེན་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པ་རེད།།

XS
SM
MD
LG