ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

འབྲུག་པའི་བྱིས་པ་ཚོར་འགོག་ཁབ་བརྒྱབ་པའི་གྲུབ་འབྲས་ལ་བསྔཊ་བརྗོད་ཐོབ།


འབྲུག་པའི་བྱིས་པ་ཚོར་འགོག་ཁབ་བརྒྱབ་པའི་གྲུབ་འབྲས་ལ་བསྔཊ་བརྗོད་ཐོབ།
འབྲུག་པའི་བྱིས་པ་ཚོར་འགོག་ཁབ་བརྒྱབ་པའི་གྲུབ་འབྲས་ལ་བསྔཊ་བརྗོད་ཐོབ།

༄༅།། དཔལ་ལྡན་འབྲུག་པའི་གཞུང་གིས་རྒྱལ་ཁབ་དེའི་བྱིས་པའི་སྲོག་ལ་བསྡོ་བའི་ནད་རིགས་འགོག་པའི་སྨན་ཁབ་བརྒྱབ་པའི་གྲུབ་འབྲས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གི་བསྔགས་བརྗོད་ཐོབ། ཁ་སྔོན་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་སུ་སྔ་ལོ་འབྲུག་ཡུལ་དུ་བྱིས་པ་ལོ་༡་མན་ཆད་ཅན་བརྒྱ་ཆ་༩༩.༦་ལ་ནད་རིགས་སྔོན་འགོག་གི་སྨན་ཐུན་༣་པ་བརྒྱབ་ཡོད་ཅིང་། སྨན་ཐུན་དེ་དག་གིས་བྱིས་པའི་གག་པ་དང་རྩ་ཧྲེང་། གློ་ནད་ཐེས་པོ་དང་མཆིན་ཚད། ཚད་རིམས་བཅས་འགོས་ནད་རིགས་མ་འདྲ་བ་༥་འགོག་ཐུབ་པའི་ཕན་ཐོགས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གི་འབྲུག་ཡུལ་གྱི་སྐུ་ཚབ་ཨན་ཌི་རི་ཡ་ཇཱེམ་སི་ཡིས་བཤད་པ་ལྟར་ན། འབྲུག་ཡུལ་གྱི་འབད་བརྩོན་གྲུབ་འབྲས་ནི་དཔལ་ལྡན་འབྲུག་གཞུང་དང་ཕ་མ་ཚོ་མཉམ་འབྲེལ་བྱས་ནས་བྱིས་པ་ཚོར་འགོག་ཁབ་རྒྱག་རྒྱུ་གཙིགས་སུ་བཟུང་བའི་འབྲས་བུ་ཞིག་རེད། འབྲུག་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོས་གནམ་གཤིས་ཚ་གྲང་དང་ཁ་ཆར་བུ་ཡུག་བཅས་ལ་འཛེམ་ཟོན་མེད་པར་རི་ལུང་རྫ་ལུང་ཀུན་ཏུ་རྐང་ཐང་ལ་བསྐྱོད་ནས་མཐའ་འཁོབ་ཀྱི་ས་གནས་ཁག་གི་བྱིས་པ་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་བརྒྱབ། འབྲུག་ཡུལ་དུ་སྨན་ཁང་༥༡་སྒོ་ཕྱེ་པ་དང་འཕྲོད་བསྟེན་ལྟ་སྐྱོང་ལྟེ་གནས་༡༨༤་བཙུགས། དེ་བཞིན་བྱིས་པའི་སྨན་བཅོས་ཁང་༥༥༢་སྒོ་ཕྱེ་ནས་འགོག་ཁབ་རྒྱག་རྒྱུ་སྟབས་བདེ་རུ་བཏང་འདུག་ཅེས་བཀོད།།

ཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་
ཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་བརྒྱུད་ནས་དཔལ་ལྡན་འབྲུག་གཞུང་གིས་སྒོ་བསྟེན་སྨན་ཁང་མང་དུ་བཏང་ཞིང་། འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་ཉི་ཧོང་གཞུང་དང་ཨེ་ཤི་ཡའི་འཕེལ་རྒྱས་དངུལ་ཁང་། གྷ་ཝི་སྨན་ཁབ་འདུ་འགོད་མཐུན་ཚོགས་སོགས་ཀྱིས་འགྲོ་གྲོན་རོགས་རམ་སྤྲད་ནས་འབྲུག་ཡུལ་གྱི་ས་གནས་གང་སར་སྨན་དང་འགོག་ཁབ་འཇོག་སའི་འཁྱག་སྒམ་གྲ་སྒྲིག སྨན་དང་འགོག་ཁབ་རྣམས་དྲོད་གྲང་སྙོམས་པོ་ཏག་ཏག་ཅིག་ཉར་འཇོག་བྱེད་ཐུབ་པའི་མཐུན་རྐྱེན་བསྒྲུབས། འབྲུག་གཞུང་གིས་རང་གི་སྤྱི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ཚད་གཞི་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར།།

འདས་པའི་ལོ་༥༠་ཐམ་པའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གིས་འབྲུག་ཡུལ་དུ་ལས་དོན་བསྒྲུབས་ནས་བྱིས་པ་ཚོར་འགོག་ཁབ་རྒྱག་པར་འབྲུག་པའི་གཞུང་དང་མཉམ་འབྲེལ་གང་ལེགས་བྱུང་། སྔ་ལོ་གཅིག་པུར་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གིས་འབྲུག་ཡུལ་ལ་སྨན་ཁབ་༦༨༥༥༠༠་རོགས་རམ་སྤྲད། ད་ལྟའི་བར་དུ་འཕྲོད་བསྟེན་ལས་སྣེ་༡༤༤༩་ལ་སྦྱོང་བརྡ་ཐོབ། འབྲུག་པའི་ཆེད་ལས་པ་ཚོར་བྱིས་པའི་ནད་རིགས་སྔོན་འགོག་སྨན་ཁབ་རྣམས་སྐྱེལ་འདྲེན་བྱེད་དུ་བཅུག འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་དང་འཕྲོད་བསྟེན་ལས་སྣེ་ཚོར་མུ་མཐུད་དུ་མཉམ་འབྲེལ་བྱས་ནས་འབྲུག་པའི་བྱིས་པ་འགོག་ཁབ་བརྒྱབ་མེད་པ་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་།།

རྒྱ་གར་གྱི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་ས་ཅིན་བསྟན་འདུལ་དཀར་གྱིས་འབྲུག་པའི་བྱིས་པ་ཚོ་དང་ལྷན་དུ་རྐང་རྩེད་སྤོ་ལོ་རྩེ་བཞིན་འདུག
རྒྱ་གར་གྱི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་ས་ཅིན་བསྟན་འདུལ་དཀར་གྱིས་འབྲུག་པའི་བྱིས་པ་ཚོ་དང་ལྷན་དུ་རྐང་རྩེད་སྤོ་ལོ་རྩེ་བཞིན་འདུག

དེང་སྐབས་འབྲུག་ཡུལ་དུ་སྔོན་འགོག་སྨན་ཁབ་བརྒྱབ་པའི་གྲུབ་འབྲས་ནི་མངོན་པར་བསྟོད་འོས་ཤིང་། འབྲུག་ཡུལ་གྱི་བྱིས་པ་ལོ་༥་མན་ཆད་ཅན་ཚོར་ཞ་ནད་དང་བེག་གེ ཐོར་སིབ་དང་མཆིན་སྐྲན་མེད་པར་གྱུར། ཕྱི་ཟླ་༤་པའི་ཚེས་༢༩་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༢་ལོར་འབྲུག་ཡུལ་གྱི་རྫོ་ཁག་༢༠་ཐམ་པའི་བྱིས་པ་༥༠༠༠༠་ལྷག་ལ་ནད་རིགས་སྔོན་འགོག་གི་སྨན་ཁབ་བརྒྱབ་སྟེ་གྲུབ་འབྲས་ཐོན། འབྲུག་ཡུལ་གྱི་འཕྲོད་བསྟེན་བློན་ཆེན་རྟ་མགྲིན་དབང་ཕྱུག་གིས་བྱིས་པའི་གློ་གཅོང་དང་གག་པ། རྩ་ཧྲེང་དང་གློ་ནད་ཐེས་པོ། བེག་གེ་དང་ཞ་ནད་སོགས་ཀྱི་སྔོན་འགོག་སྨན་ཁབ་ཐོན་པའི་རྗེས་སུ་༡༩༧༩་ནས་འབྲུག་ཡུལ་དུ་བྱིས་པ་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་འགོ་ཚུགས་པ་ཡིན། ད་ལྟ་འབྲུག་ཡུལ་གྱི་བྱིས་པ་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་ཁག་བརྒྱབ་ཟིན་པའི་གྲངས་ཚད་དེ་བརྒྱ་ཆ་༩༥་བརྒལ་ཡོད། དེར་བརྟེན་སྔོན་འགོག་སྨན་ཁབ་ཀྱིས་འགོག་ཐུབ་པའི་ནད་རིགས་ཇི་སྙེད་ཅིག་མེད་པར་གྱུར་པའམ། ཡང་ན་ནད་རིགས་དེ་དག་འགོ་རྒྱུ་ཉུང་དུ་ཕྱིན་ཡོད་ཅེས་གསར་འགོད་པར་ཚོར་གླེང་མོལ་བྱས་འདུག

འབྲུག་ཡུལ་གྱི་འཕྲོད་བསྟེན་བློན་ཆེན་ནས་༢༠༢༣་ལོར་ཐོར་སིབ་ནད་རིགས་རྩ་མེད་བཏང་མོད། འོན་ཀྱང་རྫོང་ཁག་ཚང་མའི་བྱིས་པ་ཡོད་དོ་ཅོག་ལ་འགོག་ཁབ་བརྒྱབ་སྟེ་གཅིག་ཀྱང་མ་ལུས་པ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཀྲལ། ཕྱི་ཟླ་༤་པའི་ཚེས་༢༤་ནས་ཚེས་༣༠་བར་དུ་འབྲུག་ཡུལ་གྱིས་འཛམ་གླིང་གི་སྔོན་འགོག་སྨན་ཁབ་བརྒྱབ་པའི་གཟའ་འཁོར་དུས་སྟོན་ལ་རྟེན་འབྲེལ་ཞུས། འབྲུག་པ་ཚོས་གང་ཐུབ་ཀྱིས་འགོག་ཁབ་བརྒྱབ་སྟེ་མིའི་ཚེ་སྲོག་སྐྱོབ་དགོས། སྔོན་འགོག་ཐུབ་པའི་ནད་རིགས་ཐམས་ཅད་འགོག་ཐུབ་པའི་ཐབས་ལམ་དེ་སྨན་ཁབ་ཡིན་ཞེས་འབོད་ཚིག་བསྒྲགས། ༡༩༧༤་ལོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་གོ་ལའི་ཁྱོན་དུ་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་གཞི་རྒྱ་བསྐྱེད། ༢༠༢༤་ལོར་ལས་གཞི་དེ་ཚུགས་ནས་ལོ་༥༠་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG