ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཡུཀ་རེན་གྱི་དམག་ཁྲལ་ལོ་ཚད་ལོ་༢༥་ལ་དམའ་རུ་བཏང་འདུག


སྲིད་འཛིན་ཛེ་ལན་སི་ཀིས་དམག་དཔུང་གི་དར་ཆ་ཞིག་བཟུང་ཡོད།
སྲིད་འཛིན་ཛེ་ལན་སི་ཀིས་དམག་དཔུང་གི་དར་ཆ་ཞིག་བཟུང་ཡོད།

༄༅།། ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག་ལངས་ནས་ལོ་༣་འགྲོ་བཞིན་ཡོད་པ་དང་། གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་དམག་ཁྲལ་ལོ་ཚད་དེ་ལོ་༢༧་ནས་ལོ་༢༥་ལ་དམའ་རུ་བཏང་འདུག ཕྱི་ཟླ་༤་པའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ནས་ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་དམག་ཁྲལ་ལོ་ཚད་དམའ་རུ་གཏོང་དགོས་པའི་གྲོས་ཆོད་བཞག་ཀྱང་སྲིད་འཛིན་ཛེ་ལན་སི་ཀིས་ཁྲིམས་ཡིག་དེར་མཚན་རྟགས་མ་བཀོད་པར་ཡུན་རིང་ལུས། སྲིད་འཛིན་ཛེ་ལན་སི་ཀིས་དམག་ཁྲལ་ལོ་ཚད་དམའ་རུ་བཏང་བའི་ཁྲིམས་ཡིག་དེར་ཟླ་བ་མང་པོར་མཚན་རྟགས་མ་བཀོད་པའི་རྒྱུ་མཚན་ཅི་ཡིན་གསལ་བཀྲོལ་མ་བྱུང་། ཡུཀ་རེན་གྱི་དམག་དཔོན་ཚོས་ཀྱང་དམག་མི་གསར་པ་ཅི་ཙམ་བསྡུ་རྒྱུ་ཡིན་མིན་དང་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་གང་ལ་དམག་མི་ཁ་སྣོན་བྱ་རྒྱུ་ཡིན་མིན་རྣམས་གསལ་པོར་མ་བཤད།།

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༥་ཉིན་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོར་ཨུ་རུ་སུའི་བཙན་འཛུལ་བྱུང་ནས་བཟུང་སྟེ་ཡུཀ་རེན་གྱི་དམག་མི་༣༡༠༠༠་ལྷག་ལ་སྲོག་སྐྱོན་ཕོག་སོང་ཞེས་བསྒྲགས། དེར་བརྟེན་ཡུཀ་རེན་གྱི་སྤྱི་ཚོགས་སུ་དམག་ཁྲལ་རྒྱུག་དགོས་པའི་ལོ་ཚད་ལ་འགྱུར་བ་བཏང་ནས་དམག་མི་གསར་པ་བསྡུ་རྒྱུ་ནི་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཡིན་ཞིང་། འདས་པའི་ཟླ་བ་མང་པོར་ཡུཀ་རེན་ལ་རྐང་དམག་དང་མེ་སྒྱོགས། འཕུར་མདེལ་དང་མདེའུ་སོགས་འདང་ངེས་མེད་པར་གྲོང་ཚོ་ཁག་ཅིག་སླར་ཡང་ཨུ་རུ་སུའི་ལག་ཏུ་ཤོར། ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུའི་དམག་མི་༣༥༥༠༠༠་ལྷག་བསད་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ་ཡང་ཕུ་ཊིན་ལ་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་འདོད་པ་མེད། ཨ་རིའི་གྲོས་ཚོགས་འོག་མས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་བཀག་ཡོད་པས་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་དང་གདེང་ཚོད་ཅིག་བསླེབས།།

ཡུཀ་རེན་གྱི་དམག་ས་
ཡུཀ་རེན་གྱི་དམག་ས་

ཡུཀ་རེན་གྱི་དམག་ས་ཁག་གི་བཀོད་འདོམས་པ་ཚོས་ཨུ་རུ་སུའི་དམག་དཔུང་གིས་ཚུར་རྒོལ་བྱས་ན་ང་ཚོར་དམག་ས་རྣམས་འཛིན་པའི་དམག་མི་འདང་གི་མི་འདུག དམག་མི་ཉུང་བའི་དཀའ་ངལ་སེལ་མ་ཐུབ་ན་དམག་ས་ཁག་ཅིག་ནས་དམག་དཔུང་ཕྱིར་འཐེན་མ་བྱས་ཐབས་མེད་ཅེས་འུ་ཐུག་གི་གནས་སུ་ལྷུང་། དམག་དོན་ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་མི་ཕལ་མོ་ཆེ་ཨུ་རུ་སུ་དང་འདྲ་བར་ལོ་ན་༤༠་ཡས་མས་སུ་སོན་འདུག ད་ལོའི་དབྱར་དུས་ཨུ་རུ་སུས་ཕྱོགས་ཡོངས་ནས་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པས་ཡུཀ་རེན་གྱི་དམག་དཔུང་གསར་པ་མི་བསྡུ་ཐབས་མེད་རེད་ཅེས་བཀྲལ། ཡུཀ་རེན་བ་ཁག་ཅིག་གིས་ན་གཞོན་པ་ཚོ་དམག་ཁོངས་སུ་བསྡུས་ན་ལས་རྩོལ་སྟོབས་ཤུགས་ཉམས། བཟོ་གྲྭ་ཁག་ཏུ་ཐོན་སྐྱེད་བཟོ་མཁན་མེད་པར་དམག་འཁྲུག་གིས་ཉམས་ཆག་བཏང་བའི་ཡུཀ་རེན་གྱི་དཔལ་འབྱོར་སྔར་ལས་ཉམས་ཞན་དུ་གཏོང་གི་རེད་ཅེས་ཉེན་བརྡ་བཏང་འདུག

ཐོག་མར་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དང་རང་ཡུལ་སྲུང་སྐྱོབ་ཅེས་ཞུམ་པ་མེད་པར་དམག་འཁྲུག་ལ་ཞུགས། ད་ལྟའི་བར་དུ་ཡུཀ་རེན་གྱི་སྐྱེས་པ་ཚོས་དང་བླངས་བྱས་ནས་དམག་འཁྲུག་བརྒྱབ་སྟེ་དམག་མི་གསར་པ་བསྡུ་མ་དགོས་པར་གྱུར། ད་ལྟ་ལོ་གཉིས་ཀྱི་དམག་འཁྲུག་རྗེས་སུ་ཡུཀ་རེན་གྱི་དམག་མི་རྣམས་ངལ་དུབ་ཀྱིས་མནར། མི་དམངས་རྣམས་དམག་འཁྲུག་ལ་སུན་སྣང་སྐྱེས། ཡུཀ་རེན་གྱི་གཞུང་གིས་སྐྱེས་པ་ལོ་༦༠་མན་ཆད་རྣམས་ཕྱི་རྒྱལ་དུ་བསྐྱོད་མི་ཆོག་ཅེས་འགོག་གི་ཡོད་ཀྱང་མི་ཁ་ཤས་རང་ཁྱིམ་དུ་སྐུང་བའམ། ཡང་ན་གཞུང་གི་དམག་བསྡུ་བ་ཚོར་དངུལ་སྒོར་ལྐོག་མ་བརྫངས་ནས་དམག་ཁྲལ་ཆག་ཡང་ཐོབ་ཐབས་བཙལ། མི་ཁག་ཅིག་གིས་ནད་རྫུ་བྱས་ནས་དམག་ཁྲལ་ལ་གཡོལ། ཡུཀ་རེན་གྱི་གྲོང་ཁྱེར་ཁག་དང་གྲོང་གསེབ་ཁག་ལ་མི་འབོར་མང་ཉུང་ཁྱད་པར་ཡོད་ཀྱང་དམག་མི་བསྡུ་སྟངས་དྲང་སྙོམས་མི་འདུག་ཅེས་མང་ཚོགས་ཀྱིས་འཁང་ར་བཤད།།

ན་ནིང་ཕྱི་ཟླ་༡༢་པའི་ནང་སྲིད་འཛིན་ཛེ་ལན་སི་ཀིས་དམག་མི་གསར་པ་འབུམ་༥་བསྡུ་དགོས་ཀྱི་འདུག དམག་དཔོན་ཚོས་རང་རང་གི་མཁོ་དགོས་རྣམས་ཞིབ་ཕྲ་འཁོད་པའི་གྲོས་གཞི་ཁྱེར་ཤོག གལ་སྲིད་དམག་སྐུལ་ཆེན་པོ་ཞིག་བྱས་ན་ཡུཀ་རེན་གྱིས་ཨ་སྒོར་ཐེར་འབུམ་༡༣.༤་འགྲོ་གྲོན་གཏོང་དགོས་པ་དང་ཁྱད་པར་མི་འདུག ང་ཚོས་དམག་མི་རྣམས་རེས་མོས་སུ་དམག་སར་བཏང་སྟེ་ཟླ་བ་མང་པོར་འཐབ་འཁྲུག་ལ་ཞུགས་པའི་དམག་མི་རྣམས་ཁྱིམ་དུ་གུང་སེང་ལ་ཡོང་དུ་འཇུག་རྒྱུའི་ཐབས་ཇུས་ལ་བསམ་བློ་གཏོང་དགོས་ཞེས་བཀའ་ཕམ། ཁ་སྔོན་ཕྱི་ཟླ་༢་པའི་ནང་སྲིད་འཛིན་ཛེ་ལན་སི་ཀིས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཝེ་ལ་རི་ཛ་ལུ་ཞི་ཎི་འཕོ་འགྱུར་བཏང་བའང་དམག་སྐུལ་ཆེན་པོ་ཞིག་བྱ་དགོས་མིན་ཐད་ལྟ་ཚུལ་མ་མཐུན་པར་འགལ་ཟླ་བྱུང་བས་རེད་ཅེས་གྲགས། སྔ་ལོའི་ཕྱི་ཟླ་༡༠་ནང་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་དམག་མི་འབུམ་༨་མ་ཟིན་ཙམ་ཞིག་ཡོད། དེའི་གྲས་སུ་ཡུལ་སྲུང་དམག་དང་དཔུང་སྡེ་གཞན་པ་ཁག་ཅིག་ཚུད་མེད། ཡུཀ་རེན་ལ་ཁྱོན་བསྡོམས་དམག་མི་ས་ཡ་༡་ཡོད་ཅེས་གནས་ཚུལ་སྤེལ།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་

ཕྱི་ཟླ་༤་པའི་ཚེས་༣་ཉིན་ཡོ་རེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་མ་འོངས་པའི་ལོ་ལྔའི་རིང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༡༠༧་དམག་དོན་རོགས་རམ་སྤྲོད་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་མཚོན་ཆ་དང་མདེའུ་མཁོ་སྤྲོད་བྱ་རྒྱུའི་འགན་ཁུར་ཆེ་ཙམ་ལེན་དགོས་པར་མ་ཟད། ང་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཡིད་རྟོན་རུང་བ་དང་སྔོན་དཔག་ཐུབ་པའི་རྒྱབ་སྐྱོར་བྱ་རྒྱུ་ཤིན་ཏུ་གནད་འགག་ཆེ། ང་ཚོས་ཡུཀ་རེན་ལ་ཡུན་རིང་གི་རྒྱབ་སྐྱོར་བྱ་རྒྱུའི་ཐག་གཅོད་བྱས་ན་ཕུགས་སུ་དཀའ་ངལ་ཆུང་། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་མཁོ་སྤྲོད་དང་དམག་སྦྱོང་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་གྲོས་གཞི་བཏོན།།

ད་ལོའི་ཕྱི་ཟླ་༧་ནང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས་ནས་ལོ་༧༥་འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་རྒྱུ་ཡིན་ཞིང་། ཝ་ཤིང་ཊོན་གྱི་ཚོགས་ཆེན་ཐོག་ཏུ་ནུབ་ཆིངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་འགན་འཁྲི་ལེན་དགོས་མིན་ཐག་གཅོད་བྱ་རྒྱུའི་གནས་ཚུལ་ཐོན། ཕྱི་འབྲེལ་མི་སྣ་ཚོས་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གྲོས་གཞི་དེ་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་། ཁོ་པས་ཨ་རིས་ནུབ་ཆིངས་ལ་འགོ་ཁྲིད་བྱ་དགོས་པའི་སྲིད་ཇུས་ལག་ལེན་མ་བསྟར། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱ་རྒྱུ་མིན་ཟེར་ཚེ། ནུབ་ཆིངས་ཨ་མི་རི་ཀ་གཅིག་པུར་བརྟེན་མི་དགོས་པར་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་རེད། ད་ལྟའི་བར་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རང་ཐད་ནས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲད། དེང་སྐབས་ནུབ་ཆིངས་ཀྱི་ནང་ཁུལ་དུ་དམག་དོན་སྒྲིག་འཛུགས་དེས་ཡུཀ་རེན་ལ་ཐད་ཀར་དམག་དོན་རོགས་རམ་སྤྲོད་དགོས་པའི་ལྟ་ཚུལ་འབྱུང་གི་འདུག་ཅེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་སྤྱི་ལེ་༡༢༠༠་ཡས་མས་ཤིག་གི་ཕ་རོལ་ཏུ་འཕུར་ཏེ་ཨུ་རུ་སུའི་ཊ་ཊར་སི་ཐན་གྱི་ས་གནས་ཤིག་ལ་རྒོལ་རྡུང་བྱས་པའི་གནས་ཚུལ་ཐོན། ཡུཀ་རེན་གྱིས་གཏོར་རྒོལ་བྱ་ཡུལ་དེ་ཁ་ལོ་བ་མེད་པའི་འཕུར་གྲུའི་བཟོ་གྲྭ་རེད་ཅེས་བཤད་ཀྱང་ཨུ་རུ་སུའི་གཞུང་གིས་རྒོལ་རྡུང་ཕོག་ཡུལ་དེ་སློབ་གྲྭ་ཞིག་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། གང་ལྟར་ཨུ་ཡུཀ་དམག་འཁྲུག་ལངས་པའི་རྗེས་སུ་ཡུཀ་རེན་གྱིས་ས་མཚམས་བརྒལ་ནས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱས་པ་ཡིན་ཞེས་ངོས་ལེན་བྱས་པ་ཐེངས་དང་པོ་ཡིན་ཞིང་། ད་སྔ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་དང་དམག་གི་གོ་མཛོད་ཁག རྡོ་སྣུམ་དྭངས་སེལ་ཁང་དང་མདེའུ་བཟོ་ས་སོགས་ལ་འཕུར་གྲུས་གཏོར་རྒོལ་ལན་མང་ཕོག་ཀྱང་ཡུཀ་རེན་གྱིས་རྒོལ་རྡུང་དེ་དག་གི་ལན་ཁག་ངོས་ལེན་མ་བྱས། ད་ལོ་ནས་ཡུཀ་རེན་གྱིས་དབྱིན་ལེ་༤༣༥་ནས་༦༢༠་བར་དུ་འཕུར་ཐུབ་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་བཟོ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

འབྲེལ་ཡོད།

XS
SM
MD
LG