ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

རྒྱ་ནག་གིས་ཊེ་སི་ལཱའི་མོ་ཊ་རིགས་གཉིས་ལ་ཆོག་མཆན་སྤྲད་འདུག


ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་ལགས་དང་རྒྱ་ནག་གི་སྲིད་བློན་ལི་ཆང་།
ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་ལགས་དང་རྒྱ་ནག་གི་སྲིད་བློན་ལི་ཆང་།

༄༅། །རྒྱ་ནག་གི་འབྲེལ་ཡོད་དབང་ཚད་ལྡན་པའི་ལས་ཁུངས་ཀྱིས་ཨ་རིའི་ཊེ་སི་ལཱ་བཟོ་ཚོང་ཁང་གི་གློག་གི་མོ་ཊ་རིགས་གཉིས་ལ་དགོས་ངེས་གཞི་གྲངས་ཀྱི་ཚད་གཞི་ལོངས་འདུག། ཅེས་རྒྱ་ནག་ཏུ་ཚོང་སྒྱུར་བྱ་ཆོག་པའི་ཆོག་མཆན་སྤྲད་དེ། འབྱུང་འགྱུར་ཊེ་སི་ལཱ་བཟོ་ཚོང་ཁང་གིས་རྒྱ་ནག་ཏུ་རང་འགུལ་གྱི་མོ་ཊའི་ཁ་ལོ་སྒྱུར་བྱེད་མཉེན་ཆས་ཚོང་སྒྱུར་བྱ་རྒྱུ་དང་ཁྲོམ་ར་རྒྱ་བསྐྱེད་གཏང་རྒྱུར་འགལ་རྐྱེན་ཆེན་པོ་ཞིག་སེལ་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག།

གནས་ཚུལ་དེ་བཞིན་སྤྱི་ཟླ་༤ པའི་ཚེས་༢༨ རེས་གཟའ་ཉི་མའི་ཉིན། རྒྱ་ནག་གི་རླངས་འཁོར་བཟོ་ལས་ལྷན་ཚོགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་བྱས་འདུག་པ་དང་། ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་Elon Musk ལགས་ཀྱིས་ཉིན་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ནས་རྒྱ་ནག་གི་སྲིད་བློན་ལི་ཆང་དང་ཐུག་འཕྲད་གནང་ཡོད་ཅིང་། སྲིད་བློན་ལི་ཆང་གིས་ཐུག་འཕྲད་གླེང་མོལ་གྱི་སྐབས་སུ་ཊེ་སི་ལཱ་དེ་བཞིན་རྒྱ་ནག་ཏུ་འཕེལ་རྒྱས་འགྲོ་བ་ནི། རྒྱ་ནག་དང་ཨ་རི་གཉིས་དབར་ཚོང་དོན་མཉམ་ལས་ལ་དོན་འབྲས་སོན་ཡོད་པའི་དཔེ་གཞི་གསོན་པོ་ཞིག་རེད་ཅེས་བརྗོད་འདུག།

ཊེ་སི་ལཱ་བཟོ་ཚོང་ཁང་གི་ལོ་ངོ་བཞིའི་སྔོན་ནས་རང་འགུལ་གྱི་ཁ་ལོ་སྒྱུར་བྱེད་མཉེན་ཆས་འདོན་སྤེལ་བྱས་ཟིན་ན་ཡང་། གཞི་གྲངས་ཀྱི་བདེ་འཇགས་ཞེས་པར་བསྙད་ནས་རྒྱ་ནག་གིས་ད་བར་ཆོག་མཆན་སྤྲད་མེད་པ་རེད། རྒྱ་ནག་ཏུ་ཊེ་སི་ལཱའི་གློག་གི་མོ་ཊ་བེད་སྤྱོད་གཏོང་མཁན་ཚོས་གཞུང་གིས་ངོས་ནས་ཆོག་མཆན་མགྱོགས་པོ་སྤྲད་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་ངང་དུ་གནས་པ་ཡོད་པ་དང་། ཊེ་སི་ལཱ་བཟོ་ཚོང་ཁང་གིས་༢༠༢༡ ལོ་ནས་རྒྱ་ནག་གི་དོ་དམ་ལས་ཁུངས་ཀྱིས་བཏོན་པའི་བླང་དོར་སྒྲིག་གཞིར་བསྟུན་མཁས་ཀྱིས་སྤང་བླང་འཛོལ་མེད་ཚུལ་བཞིན་དུ་སྤྱོད་མུས་ཐོག། རྒྱ་ནག་གི་ཊེ་སི་ལཱ་བཀོལ་སྤྱོད་གཏོང་མཁན་རྣམས་ཀྱི་གཞི་གྲངས་ཡོད་ཚད་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེའི་ནང་གསོག་ཉར་བྱས་ཡོད་པར། གཞི་གྲངས་དེ་དག་ད་ཕན་རྩ་བ་ནས་ཨ་རིར་བཏང་མེད་པ་རེད།

ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་Elon Musk ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་བ།
ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་Elon Musk ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་བ།

རེ་ཊྲ་སི་གསར་ཁང་གིས་གནས་ཚུལ་མཁྱེན་རྟོགས་ཡོད་པོའི་སྐད་ཆ་ལུང་དྲངས་ནས་བརྗོད་གསལ་དུ། ད་ལན་ཊེ་སི་ལཱའི་བདག་པོ་ཨེ་ལོན་མཱ་སི་ཁེ་ལགས་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་གྲོས་མོལ་གནང་བའི་དམིགས་ཡུལ་ནི། རྒྱ་ནག་ཏུ་ཊེ་སི་ལཱའི་རང་འགུལ་གྱི་ཁ་ལོ་སྒྱུར་བྱེད་མཉེན་ཆས་ཁྱབ་སྤེལ་བྱ་ཕྱིར་ཡིན་པར་མ་ཟད། ཧྲང་ཧེ་རུ་གསོག་ཉར་བྱས་ཡོད་པའི་ཊེ་སི་ལཱའི་གཞི་གྲངས་རྣམས་ཕྱི་ལོགས་སུ་གཏང་རྒྱུར་རྒྱ་གཞུང་གི་ཆོག་མཆན་ཐོབ་ཕྱིར་ཡིན་པ་རེད། རེ་ཊྲ་སི་གསར་ཁང་གིས་ད་དུང་ཨེ་ལོན་མཱ་སི་ཁེ་ལགས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་དེ་བཞིན་མ་གཞི་རྒྱ་གར་དུ་ཕེབས་ནས་སྲིད་བློ་ཎ་རེན་དྲ་མོ་དྷི་དང་མཇལ་འཕྲད་ཀྱི་འཆར་གཞི་ཕྱིར་འཐེན་གནང་ནས་བདུན་ཕྲག་གཅིག་ཕྱིན་པའི་རྗེས་སུ་འཁེལ་ཡོད་པ་དང་། ཁོང་གིས་འཆར་གཞི་དེ་ཕྱིར་འཐེན་གནང་དོན་ནི་ཊེ་སི་ལཱའི་ལས་དོན་ལ་བྲེལ་བ་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག།

རྒྱ་ནག་ནི་ཊེ་སི་ལཱ་གློག་གི་མོ་ཊའི་གོ་ལའི་ཁྱོན་ཡོངས་སུ་ཁྲོམ་ར་ཆེ་ཤོས་ཨང་གཉིས་པ་ཡིན་པ་དང་། ཧྲང་ཧེར་ཡོད་པའི་ཊེ་སི་ལཱའི་བཟོ་གྲྭ་ཆེན་པོ་དེས་ཐོན་སྐྱེད་བྱས་པའི་གློག་གི་མོ་ཊ་དག་རྒྱ་ནག་གི་ཚོང་རར་ཚོང་མཁོ་གཏོང་འགྲེམས་བྱེད་ཀྱི་ཡོད་པར་མ་ཟད། ཡུ་རོབ་དང་འཛམ་གླིང་གི་ས་གནས་གཞན་ལའང་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། AFP གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། ཨེ་ལོན་མཱ་སི་ཁེ་ནི་ནུབ་ཕྱོགས་སུ་མི་སྣ་རྩོད་གཞི་ཅན་ཞིག་ཡིན་མོད། ཁོ་པས་རྒྱ་ནག་ཏུ་ཐོན་སྐྱེད་བྱས་པའི་གློག་གི་མོ་ཊ་དེ་དག་ནི་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་འབྱོར་འབྲིང་གྲལ་རིམ་གྱི་མཚོན་རྟགས་ཆགས་ཡོད་པ་རེད་ཅེས་བཀྲལ་འདུག།

དེ་ལྟ་ནའང་། མོ་ཊའི་ནང་ལ་རང་འགུལ་གྱི་ཁ་ལོ་སྒྱུར་བར་མཁོ་བའི་བརྙན་མིག་བཙུགས་ཡོད་པའི་རྐྱེན་ལས། ཊེ་སི་ལཱའི་མོ་ཊ་རྣམས་རྒྱ་ནག་ནང་གཞུང་གི་ལས་ཁུངས་ཁག་དང་། དམག་དོན་དང་འབྲེལ་བ་ཡོད་པ། ཆབ་སྲིད་ཀྱི་འདུ་འཛོམས་བྱེད་གནས་སོགས་སུ་རྩ་བ་ནས་འཛུལ་ཆོག་གི་མེད་པ་རེད། ཊེ་སི་ལཱའི་ངོས་ནས་ཟླ་བ་གོང་མའི་ནང་གསལ་བསྒྲགས་བྱས་དོན་ལྟར་ན། ཚོང་འགྲོ་རྒྱུག་ཡག་པོ་མེད་པ་དང་། རྒྱ་ནག་གིས་གཙོ་གཉེར་གྱིས་བཟོས་པའི་གློག་གི་མོ་ཊ་དང་རིན་གོང་གི་ཆ་ནས་འགྲན་རྩོད་ཆེན་པོ་ཡོད་པར་བརྟེན། ཊེ་སི་ལཱས་གོ་ལའི་ཁྱོིན་ཡོངས་སུ་ལས་མི་བརྒྱ་ཆ་༡༠ ཐམ་པ་ཇེ་ཉུང་དུ་གཏང་རྒྱུ་ཡིན་པ་རེད།

པེ་ཅིང་དུ་ཡོད་པའི་ཊེ་སི་ལཱ་མོ་ཊའི་ཚོང་ཁང་ཞིག
པེ་ཅིང་དུ་ཡོད་པའི་ཊེ་སི་ལཱ་མོ་ཊའི་ཚོང་ཁང་ཞིག

རྒྱ་ནག་ནང་ད་ལྟའི་ཆར་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་པ་དང་། ཕྱི་ཚོང་རྣམས་ཕྱིར་འཐེན་བྱེད་པའི་གནོན་ཤུགས་ཆེན་པོ་ཡོད་སྟབས། རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱི་ཚོང་རྣམས་མུ་མཐུད་ནས་རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་ཡོང་རེ་བྱས་དང་བྱེད་མུས་ཡིན་ཡང་། རྒྱ་ནག་ཏུ་བཅའ་སྡོད་ཡུ་རོབ་ཀྱི་ཁེ་ལས་ཁག་༡༧༠༠ ཡི་སྐུ་ཚབ་རྒྱ་ནག་གི་ཡུ་རོབ་མནའ་འབྲེལ་གྱི་ཚོང་དོན་ལྷན་ཚོགས་ཀྱིས་ད་ལོའི་སྤྱི་ཟླ་༣ པའི་ནང་རྟོག་ཞིབ་བྱས་གསལ་དུ། དྲི་བ་འདྲི་ཡུལ་བརྒྱ་ཆ་༥༥ ཡིས་རྒྱ་ནག་གི་ཚོང་ལས་ཀྱི་ཁོར་ཡུག་དེ་བཞིན་འདས་པའི་ལོ་གཅིག་གི་ནང་ཚུན་དུ་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་རྣམ་པ་ཅན་དུ་བསྒྱུར་སོང་ཞེས་བརྗོད་འདུག།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG