ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

ཐེ་ཝན་གྱིས་ཡུཀ་རེན་ལ་དཔེ་བལྟས་ནས་ཁ་ལོ་བ་མེད་པའི་དམག་གྲུ་བཟོས།


ཐེ་ཝན་གྱི་སྲིད་འཛིན་ཁྲའེ་ཧྲི་ཨིང་ཝུན་དང་ཐེ་ཝན་མཚོ་དམག་གི་བཀོད་འདོམས་པ་ཐན་ཀྭན་སན་གཉིས་ཀྱིས་གླེང་མོལ་བྱེད་བཞིན་ཡོད།
ཐེ་ཝན་གྱི་སྲིད་འཛིན་ཁྲའེ་ཧྲི་ཨིང་ཝུན་དང་ཐེ་ཝན་མཚོ་དམག་གི་བཀོད་འདོམས་པ་ཐན་ཀྭན་སན་གཉིས་ཀྱིས་གླེང་མོལ་བྱེད་བཞིན་ཡོད།

༄༅།། ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་གྲུ་ཆུང་བཟོས་ནས་ཨུ་རུ་སུའི་མཚོ་དམག་ལ་རྒོལ་རྡུང་བྱས་ཏེ་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་རྣམས་མཐར་བསྐྲད། ཕྱི་ཟླ་༤་པའི་ཚེས་༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱིས་ཡུཀ་རེན་ལ་མིག་དཔེ་བལྟས་ནས་ཁ་ལོ་བ་མེད་པའི་དམག་གྲུ་ཆུང་ཆུང་གསར་བཟོ་དང་རྒྱ་ནག་གི་བཙན་འཛུལ་བྱུང་ན་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་གྲུ་ཆུང་ཁག་གི་ནང་དུ་འབར་རྫས་བརྩིགས་ནས་ཨུ་རུ་སུའི་དམག་གྲུ་ཁག་ལ་རྡུང་ཁ་རྒྱག་ཏུ་བཅུག མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་རྣམས་རྒྱང་དུ་འབྲོས་དགོས་བྱུང་བས་ཐེ་ཝན་གྱི་དམག་དོན་མི་སྣ་ཚོར་རིག་པ་གསར་པ་ཞིག་རྙེད། ཐེ་ཝན་ལ་དངོས་སུ་བཙན་འཛུལ་བྱུང་ན་མཚོ་གླིང་དེའི་དམག་གིས་ཁ་ལོ་བ་མེད་པའི་USV་གྲུ་ཆུང་སྟོང་ཕྲག་མང་པོ་བཏང་སྟེ་མཚོ་ཐོག་ནས་དཔུང་འཇུག་བྱེད་མཁན་དགྲ་ཕྱོགས་ཀྱི་དམག་གྲུ་ཁག་གམ། ཡང་ན་ཐེ་ཝན་གྱི་མཚོ་འགྲམ་དུ་བསླེབས་ཟིན་པའི་རྒྱ་ནག་གི་དམག་གྲུ་ཁག་ལ་གཏོར་རྒོལ་བྱ་རྒྱུའི་དམག་ཇུས་བཤམས།།

ཐེ་ཝན་གྱི་མཚོ་དམག་གིས་རྒྱ་ནག་གི་མཚོ་དམག་ལ་ཁ་གཏད་མི་ཁྱོག་པས་ཀྲུང་ཧྲན་རྒྱལ་ཡོངས་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ཁང་གིས་ཨ་སྒོར་ས་ཡ་༢༥་འགྲོ་གྲོན་བཏང་སྟེ་༢༠༢༦་ལོར་ཉུང་མཐར་ཡང་ཁ་ལོ་བ་མེད་པའི་དམག་གྲུ་༢༠༠་བཟོ་ཐུབ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་ཅིང་། ཁ་ལོ་བ་མེད་པའི་གྲུ་ཆུང་རེར་ལྕི་ཚད་ཊོན་༤་མ་ཟིན་ཙམ་དང་རིང་ཚད་མཱི་ཊར་༡༠་ཡས་མས། ཁ་ལོ་བ་མེད་པའི་གྲུ་ཆུང་དེ་ཚོར་རྒྱང་ནས་ཁ་ལོ་བསྒྱུར་ཐུབ་པ་དང་གྲུ་ཆུང་དེ་ཚོས་རྒྱ་ནག་གི་དམག་གྲུ་ཁག་ལ་རྡུང་ཁ་བརྒྱབ་ནས་མཚོ་ནང་དུ་བསྣུབ་ཐུབ་ས་རེད་ཅེས་གནས་ཚུལ་ཐོན། སྔ་ལོ་ཐེ་ཝན་གྱི་ཐོག་སྟག་བཟོ་ཚོང་ཁང་གིས་མཚོ་སྤྱང་༤༠༠་པ་སྟེ། Seawolf 400་དང་ཉ་ཆེན་གཏུམ་པོ་༤༠༠་པ་སྟེ། Shark 400་ཞེས་འབོད་པའི་ཁ་ལོ་བ་མེད་པའི་མཚོ་འོག་དམག་གྲུ་གསར་པ་རིགས་གཉིས་བཟོས། ཁ་ལོ་བ་མེད་པའི་མཚོ་འོག་དམག་གྲུ་དེ་དག་ལ་འཕུར་མདེལ་སྣ་མང་ཞིག་འཕེན་ཐུབ་པའི་ནུས་པ་ལྡན།།

ཐེ་ཝན་གྱི་མཚོ་འགྲམ་དུ་དམག་སྦྱོང་།
ཐེ་ཝན་གྱི་མཚོ་འགྲམ་དུ་དམག་སྦྱོང་།

ཐེ་ཝན་གྱི་རྒྱལ་སྲུང་དམག་གིས་སྦྲང་ཚང་བརྡོལ་བ་ལྟར་ཁ་ལོ་བ་མེད་པའི་གྲུ་ཆུང་སྟོང་ཕྲག་མང་པོ་བཏང་ན་རྒྱ་ནག་གི་དམག་གྲུ་ལ་གཏོར་རྒོལ་བྱ་རྒྱུ་ཤིན་ཏུ་སླ། རྒྱ་ནག་གི་དམག་དཔུང་དང་མཁོ་ཆས་སྐྱེལ་འདྲེན་གྱི་གྲུ་གཟིངས་ཁག་གིས་ཐེ་ཝན་གྱི་ཁ་ལོ་བ་མེད་པའི་གྲུ་ཆུ་དེ་ཚོ་འགོག་ཐབས་བྲལ། ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་གྲུ་ཆུང་རེ་བཟོ་བར་ཨ་སྒོར་འབུམ་༢་དང་ཕྱེད་ཀ་འགྲོ་གྲོན་གཏོང་གི་ཡོད་མོད། འོན་ཀྱང་ཁོ་ལོ་བ་མེད་པའི་གྲུ་ཆུང་དེ་ཚོ་སྣུམ་གྲོན་ཆུ་བ་དང་བདག་གཅེས་སླ་བ། དམག་མིས་བཀོལ་སྤྱོད་བྱེད་པར་སྦྱོང་བརྡར་སྤྲོད་རྒྱུ་ཁག་པོ་མིན་པ། ཐེ་ཝན་གྱིས་ལོ་ལྟར་ཨ་སྒོར་དུང་ཕྱུར་༢༠༠་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པས་རྒྱལ་སྲུང་འགྲོ་གྲོན་ཁོངས་ནས་བརྒྱ་ཆ་གཅིག་བཏང་ཡང་དམག་གྲུ་ཆུང་བ་༡༠༠༠་ལྷག་བཟོ་ཐུབ། ཐེ་ཝན་གྱི་ཚན་རིག་ལག་རྩལ་ནི་ཡུཀ་རེན་ལས་ཡག་ག་ཡོད་པས་ཁ་ལོ་བ་མེད་པའི་གྲུ་ཆུང་ཡར་ཐོན་ཅན་རྣམས་བཟོ་ཐུབ་ཤས་ཆེ། རྒྱ་ནག་གི་བཙན་འཛུལ་འགོག་པར་ཁ་ལོ་བ་མེད་པའི་འཕུར་གྲུ་གཅིག་པུས་མི་ཆོག་པར་ཐེ་ཝན་གྱིས་མཚོ་ནང་དུ་འབར་མདེལ་སྦས་འཇོག་དང་དམག་གྲུ་གཏོར་སྤྱད་འཕུར་མདེལ་འཛུགས་དགོས་ཞེས་བསྟན།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་ཁ་ལོ་བ་མེད་པའི་གྲུ་ཆུང་དེ་ཚོས་དམིགས་འབེན་ལ་ཁེལ་ཐུབ་པ་ཞིག་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། ལྷག་པར་དུ་ཐེ་ཝན་གྱིས་ཁ་ལོ་བ་མེད་པའི་གྲུ་ཆུང་ཁག་གི་ཕྱི་སྒྲོམ་དེ་མཚོ་ནང་དུ་ཐིམ་སྟེ་ཕྱི་རུ་མི་མངོན་པ་ཞིག་བཟོ་ཐུབ་ན་དེ་བས་ཀྱང་ལེགས། ད་ལྟ་བཅོས་རིག་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པས་ཁ་ལོ་བ་མེད་པའི་གྲུ་ཆུང་དེ་ཚོར་མིས་བཀོད་འདོམས་བྱེད་མི་དགོས་པར་བཅོས་རིག་ལ་བཀོད་འདོམས་བྱེད་དུ་བཅུག་ན་ཕ་རོལ་པོས་ཀྱང་འཛེམ་ཟོན་བྱ་དགོས་པར་འགྱུར། ཐེ་ཝན་གྱིས་ཁ་ལོ་བ་མེད་པའི་གྲུ་ཆུང་ཁག་ལ་བཀོད་འདོམས་བྱེད་མཁན་བཅོས་རིག་གི་ཉིང་ཆས་བཟོ་ཐུབ་ཀྱང་རྒྱ་ནག་གིས་ཐེ་ཝན་གྱི་ཉིང་ཆས་བཟོ་ལས་ལ་བར་ཆད་བྱས་ནས་ཉིང་ཆས་བཟོ་མི་ཐུབ་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁའང་ཡོད། ༢༠༢༣་ལོའི་ཕྱི་ཟླ་༩་པའི་ནང་བྷེ་ཀར་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་གཉིས་ཀྱིས་༢༠༢༧་ལོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ། རྒྱ་ནག་གིས་བཙན་འཛུལ་མ་བྱས་པའི་སྔོན་ནས་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་པའི་རྟགས་མཚན་འདུག་ཅེས་སྨྲས།།

རྒྱ་ནག་གིས་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུ་མཚམས་མ་བཞག་ན་མཚོ་གླིང་དེའི་སྲིད་དོན་ཚོགས་པ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་མི་ཐུབ་པ་དང་དཔལ་འབྱོར་ཉམས། རྒྱ་དམག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་འཕུར་མདེལ་ངོ་མ་འཕངས་ནས་དམག་སྦྱོང་རྒྱུན་བསྐྱངས། ཐེ་ཝན་ལ་སྐྱེལ་འདྲེན་བཀག་ནས་བཟོ་གྲྭ་ཁག་སྒོ་བརྒྱབ། ཕྱི་རྒྱལ་ནས་ཐེ་ཝན་ལ་གནམ་མཚོ་གཉིས་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་གྲུ་གཟིངས་དང་གནམ་གྲུ་རྣམས་རྒྱ་ནག་གི་གྲུ་ཁ་དང་གནམ་ཐང་ཁག་ཏུ་འབབ་དགོས་པའི་བཙན་བཀའ་ཕབ། རྒྱལ་སྤྱིའི་ཐོག་ནས་ཐེ་ཝན་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་མ་ཐུབ་པར་མཚོ་གླིང་དེའི་མི་དམངས་ལ་བཟའ་བཏུང་ཆད་རྒྱུ་དང་རྡོ་སྣུམ་གསོག་འཇོག་བྱས་ཡོད་པ་རྣམས་ཚར། ཐེ་ཝན་མཚོ་གླིང་དུ་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་སོང་སྟེ་རྒྱ་ནག་ལ་གུ་བཤངས་བྱ་དགོས་ཞེས་ལྟ་ཚུལ་འཛིན་པའི་མི་གྲངས་ཇེ་མང་དུ་སོང་། ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་སྲུང་སྐྱོབ་མ་བྱས་ན་རྒྱ་ནག་གིས་དམག་འཁྲུག་རྒྱག་མི་དགོས་པར་མཚོ་གླིང་དེ་ལེན་ཐུབ་ས་རེད་ཅེས་སྔོན་བརྡ་བཏང་འདུག

MQ-9B་ཁ་ལོ་བ་མེད་པའི་འཕུར་གྲུ
MQ-9B་ཁ་ལོ་བ་མེད་པའི་འཕུར་གྲུ

ཐེ་ཝན་གྱིས་མཚོ་ཐོག་ནས་རྒྱ་ནག་གི་བཙན་འཛུལ་འབྱུང་སྲིད་པར་འགོག་རྒོལ་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པར་མ་ཟད། མཁའ་དབྱིངས་ནས་ཀྱང་རྒྱ་ནག་གི་བཙན་འཛུལ་འབྱུང་སྲིད་པ་འགོག་ཐབས་བྱེད་ཀྱི་ཡོད་པ་སྟེ། ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༢༡་ཐེ་པེ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༦་དང་༢༠༢༧་ལོར་ཨ་རིའི་གནམ་སྲུང་འཕུར་གྲུ་སྟེ། MQ-9B་ཁ་ལོ་བ་མེད་པའི་འཕུར་གྲུ་གཉིས་ཐེ་ཝན་ལ་འཕྲོད་རྒྱུ་རེད་ཅེས་གནས་ཚུལ་ཐོན། ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་ཨ་རིའི་གནམ་དམག་གི་འབྲེལ་ཡོད་ལས་སྣེ་ཚོར་གསར་འགྱུར་དེ་བདེན་པ་རེད་དམ་ཞེས་དྲིས། ཨ་རིའི་གནམ་དམག་གི་མགྲིན་ཚབ་པས་ཐེ་ཝན་གྱིས་ཨ་མི་རི་ཀ་ནས་གནམ་སྲུང་འཕུར་གྲུ་༤་དང་ས་ཐོག་ནས་སྟངས་འཛིན་བྱ་སྤྱད་མ་ལག་༤་བཅས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་༤་དང་བྱེ་བ་༧་མ་ཟིན་གྱིས་མཚོན་ཆ་ཉོས་པ་རེད། ཐེ་ཝན་ལ་དམག་དོན་ཡོ་བྱད་དེ་རྣམས་བཙོང་ཆོག་ཅེས་ཨ་རིའི་གཞུང་གིས་༢༠༢༠་ནས་ཐག་བཅད་པ་ཞིག་རེད་ཅེས་ངེས་གཏན་བྱས་འདུག

དེང་སྐབས་ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག་གི་ངོ་བོ་དེ་ཁ་ལོ་བ་མེད་པའི་འཕུར་གྲུས་རྒོལ་རྡུང་གི་དམག་འཁྲུག་ཅིག་ཏུ་གྱུར་ཡོད་པས་ཐེ་ཝན་ལ་ཉམས་མྱོང་གསར་པ་ཞིག་ཐོབ། ཨ་རིའི་རྒྱལ་སྲུང་མཉམ་འབྲེལ་བཟོ་ཚོང་ཁང་གིས་ཐེ་ཝན་ལ་བཙོང་འཆར་ཡོད་པའི་གནམ་སྲུང་འཕུར་གྲུ་དེ་དག་ལ་དུས་ཐོག་ཏུ་གསང་བའི་གནས་ཚུལ་བསྡུ་རུབ་དང་མྱུལ་ཞིབ། སྐོར་གཡེང་དང་དམིགས་འབེན་བསལ་བདམས། སྐམ་མཚོ་གཉིས་ནས་འགོག་རྒོལ་དང་མཚོ་འོག་དམག་གྲུ་ཁག་རྩ་གཏོར། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཞི་བདེའི་སྐབས་སུ་ཐེ་ཝན་གྱི་གནམ་དམག་གིས་སྐོར་གཡེང་དང་མྱུལ་ཞིབ་བྱེད་མི་དགོས་པར་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་རྣམས་ཕན་ཐོགས་ཡོད་ཀྱང་དམག་འཁྲུག་གི་དུས་སུ་འཕུར་གྲུ་དེ་རྣམས་མགྱོགས་མྱུར་དུ་འཕུར་མི་ཐུབ་པ་དང་སྒྲ་སྐད་ཆེ་བ་བཅས་ཀྱིས་ཕ་རོལ་པོས་འཕུར་མདེལ་འཕངས། ཐེ་ཝན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་རྣམས་རྩ་གཏོར་བཏང་སྟེ་ཕན་ཐོགས་མེད་པར་འགྱུར་ས་རེད་ཅེས་ཐེ་ཝན་གྱི་གནམ་སྲུང་འཕུར་གྲུའི་དགེ་སྐྱོན་གླེང་།།

ཕྲག་འཕེན་མེ་སྒྱོགས་FIM-92
ཕྲག་འཕེན་མེ་སྒྱོགས་FIM-92

ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨ་རི་དང་ཉི་ཧོང་། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེར་སོང་། རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་དང་ཉི་ཧོང་སོགས་ལ་ཁ་གཏད་གཅོག་དགོས་པའི་བསམ་བློ་གཟབ་ནན་གཏོང་དགོས་པ་ཞིག་ཏུ་གྱུར། ཨ་མི་རི་ཀས་ལོ་རྗེས་མ་མི་འགྱངས་པར་ཐེ་ཝན་གྱི་དམག་ལ་ཕྲག་འཕེན་མེ་སྒྱོགས་FIM-92་འགྲེམ་སྤེལ་བྱ་རྒྱུ་ཡིན། དམག་འཁྲུག་གི་དུས་སུ་ཐེ་ཝན་གྱི་དམག་མི་རྣམས་གང་སར་བསྐུངས་ཏེ་འཁྱེར་བདེ་པོ་དང་ཡང་པོ། ཕར་རྒོལ་གྱི་ནུས་པ་ཆེ་བའི་ཕྲག་འཕེན་མེ་སྒྱོགས་ཀྱིས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་གཏོར་ཐུབ་ཅེས་བཀྲལ། རྒྱ་ནག་གིས་ཀྱང་ཐེ་ཝན་ལ་དམིགས་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་གསར་བཟོ་བྱས་ནས་བར་སྣང་དུ་འཕུར་གྲུ་གཅིག་གསུམ་ལ་མཆེད་ཐུབ་པ་ཞིག་བཟོ་ཐབས་སུ་འབད། ༢༠༢༡་ནས་ཨ་མི་རི་ཀས་ཐེ་ཝན་ལ་ཕྲག་འཕེན་མེ་སྒྱོགས་འཕྲོད་དུ་འཇུག་རྒྱུ་ནར་འགྱངས་བཏང་བ་དང་ན་ནིང་ཕྱི་ཟླ་༡༠་པའི་མཚམས་སུ་ཐེ་ཝན་གཞུང་གིས་ཨ་རིར་ཕྲག་འཕེན་མེ་སྒྱོགས་དེ་རྣམས་མྱུར་དུ་འཕྲོད་ཐབས་བྱ་དགོས་ཞེས་ནན་སྐུལ་གྱི་འཕྲིན་ཡིག་༡༡་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG