ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

དགེ་བཤེས་མ་ཚོའི་དགོངས་པ་དང་ཐུགས་ཁྲལ།


དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།
དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།

༄༅།། བཙན་བྱོལ་དུ་བོད་མིའི་བཙུན་དགོན་ཁག་ནས་དགེ་བཤེས་མ་རིམ་པས་ཐོན་བཞིན་ཡོད་ཅིང་། དགེ་བཤེས་མ་ཚོས་ནང་བའི་ལྟ་གྲུབ་དར་སྤེལ་གཏོང་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སོ་སོར་སེམས་ཁམས་རིག་པའི་ཐོག་ནས་ཞབས་འདེགས་གནང་རྒྱུའི་ལས་གཞི་གང་འདྲ་ཡོད་པའི་ཐད་ལ་གོ་བསྡུར་དང་ཟབ་སྦྱོང་ཞིག་འཚོག་བཞིན་འདུག ཟབ་སྦྱོང་གི་ནང་དོན་གཙོ་བོ་ཁག་ཏུ་སྤྱི་ཚོགས་སུ་འགན་བཞེས་མཁན་གྱི་ངོས་ནས་འཇོན་ཐང་གང་འདྲ་དགོས་པ་དང་། མི་ལ་འབྲེལ་བ་བྱེད་སྟངས་གང་འདྲ་དགོས་པ། བུད་མེད་དང་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་། དགེ་བཤེས་མ་ཚོས་མ་འོངས་པའི་ཕུགས་བསམ་ཐད་ལ་དགོངས་པ་གང་འདྲ་བཞེས་བཞིན་པ། ཡང་སྒྲོལ་མ་གླིང་བཙུན་དགོན་གྱི་མ་འོངས་པའི་ཐོག་ལ་དགོངས་པ་གང་ཡོད་པ་བཅས་ནི་ཚེས་༨་ནས་ཚེས་༡༢་བར་གྱི་ཟབ་སྦྱོང་གི་ནང་དོན་རྣམས་ཡིན་འདུག

སྒྲོལ་མ་གླིང་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།
སྒྲོལ་མ་གླིང་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།

བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་ཟུང་འབྲེལ་གྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཀྱི་སྒྲོལ་མ་གླིང་དུ་༼སྒྲོལ་མ་གླིང་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་༽་ཞེས་པ་ཞིག་གོ་སྒྲིག་བྱས་ཡོད། ཟབ་སྦྱོང་འདིའི་གོ་སྒྲིག་ལ་འགན་གཙོ་བོ་བཞེས་མཁན་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བདེ་ཆེན་ཚེ་རིང་ལགས་ཀྱིས་གསུང་དོན་ལྟར་ན། འདི་ནི་དགེ་བཤེས་མ་ཚོའི་ཆེད་དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཐོག་མ་ཡིན་པ་དང་། གཙོ་བོ་དགེ་བཤེས་མ་ཚོར་དགོངས་པ་ཅི་ཡོད་དང་དགོངས་པ་དེ་ཚོ་ལེགས་འགྲུབ་ཡོང་བར་སྤྱི་ཚོགས་ཀྱིས་མཐུན་རྐྱེན་སྦྱོར་དགོས་པ་གང་ཡོད་པ། ལྷག་པར་དུ་དགེ་བཤེས་མ་ཚོས་སྤྱི་ཚོགས་སུ་ནང་བའི་ལྟ་གྲུབ་དར་སྤེལ་དང་སྤྱི་ཚོགས་ཀྱི་སྒོ་སོ་སོར་ནང་ཆོས་དང་སེམས་ཁམས་རིག་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་ཅི་ཡོད་སོགས་ཀྱི་ཐད་ལ་གོ་བསྡུར་དང་བསམ་བློ་བརྗེ་རེས་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག

བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བདེ་ཆེན་ཚེ་རིང་།
བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བདེ་ཆེན་ཚེ་རིང་།

དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ཀྱིས་ཟབ་སྦྱོང་འདིའི་ཐད་ལ་དགོངས་ཚུལ་གསུང་སྐབས། སློབ་སྦྱོང་གི་ཐོག་ནས་དགེ་བཤེས་མ་ཚོར་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་ནུས་པ་ཆ་ཚང་ཡོད་ཅིང་། ཐོན་ཟིན་པའི་དགེ་བཤེས་མ་ཚོས་ཀྱང་དགོན་པ་གྲྭ་ཚང་ཁག་ཏུ་ཞབས་ཞུ་སྒྲུབ་བཞིན་པ་ནང་བཞིན། སྤྱི་ཚོགས་གཞན་དུ་ཡང་དེ་མཚུངས་ཀྱིས་ཞབས་ཞུ་བྱེད་སའི་ས་མིག་མང་པོ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད། དེ་ལྟར་བྱུང་ན་དགེ་བཤེས་མ་ཚོས་སློབ་སྦྱོང་གནང་བའི་གྲུབ་འབྲས་ཀྱང་སྤྱི་ཚོགས་སུ་ཤུགས་ཆེན་པོས་ཐོན་ངེས་པ་རེད། ཡང་ཐེངས་འདིའི་ཟབ་སྦྱོང་སྐབས་སུ་ཟབ་སྦྱོང་སྤྲོད་མཁན་ཚོ་དང་དགེ་བཤེས་མ་ཚོའི་བར་དུ་བསམ་བློ་བརྗེ་རེས་བྱེད་པ་སོགས་ཕན་ཚུན་གཉིས་ཀར་བློ་སྐྱེད་གསར་བ་རག་རྒྱུའི་གོ་སྐབས་ཀྱང་འདུག་ཅེས་གསུང་འདུག

ཡང་དགེ་བཤེས་མ་ཟླ་བ་སྒྲོལ་མ་ལགས་ཀྱིས་དགོངས་ཚུལ་གསུང་སྐབས། ཟབ་སྦྱོང་འདི་བརྒྱུད་དེ་དགེ་བཤེས་མ་ཐོན་རྗེས་ང་དགེ་བཤེས་མ་ཡིན་ཞེས་བསྡད་འདུག་རྒྱུ་མིན་པར། སྤྱི་ཚོགས་སུ་ཕྱག་ལས་གནང་རྒྱུ་ཅི་ཡོད་དང་གང་འདྲ་གནང་དགོས་པ་སོགས་ཀྱི་ཐོག་ལ་ཟབ་སྦྱོང་སྤྲོད་མཁན་ཚོས་རིག་པ་དང་རི་མོ་འདྲ་མིན་སྤྱད་དེ་གོ་རྟོགས་སྤེལ་བཞིན་འདུག་ལ། ཡང་བསམ་བློ་བརྗེ་རེས་གནང་བ་སོགས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བརྗོད་འདུག

བདེ་ཆེན་ཚེ་རིང་ལགས་ལ་ཟབ་སྦྱོང་གི་རྒྱུད་རིམ་ཁྲོད་ནས་དགེ་བཤེས་མ་ཚོས་སྤྱི་ཚོགས་སུ་ཕྱག་ལས་གནང་བར་ཐུགས་ཁྲལ་ཆེ་ཤོས་གང་ཡོད་པ་རྒྱུས་ལོན་བྱུང་ངམ་ཞེས་བཀའ་འདྲི་ཞུས་སྐབས། ཁོང་གིས། དགེ་བཤེས་མ་ཚོར་སྤྱི ཚོགས་སུ་ཞབས་ཞུ་སྒྲུབ་རྒྱུར་འདོད་པ་ཆེན་པོ་འདུག ཡིན་ན་ཡང་ཆོས་བསླབ་པའི་དབང་དུ་བཏང་ན་ཆོས་ཕྱོགས་ཀྱི་དྲི་བ་གཏོང་མཁན་ཕལ་མོ་ཆེ་ཕྱི་རྒྱལ་བ་ཡིན་དུས། ལན་གནང་སྐབས་དབྱིན་སྐད་མ་འདང་བའི་དཀའ་ངལ་ལ་ཐུགས་ཁྲལ་གནང་བཞིན་འདུག དེ་ནས་སྤྱི་ཚོགས་སུ་དགེ་བཤེས་མའི་དགེ་རྒན་མེད་པ་དང་། མང་ཆེ་ཤོས་དགེ་བཤེས་དང་རིན་པོ་ཆེ་སོགས་ཡིན་དུས། དགེ་བཤེས་མ་ཚོ་ཡང་བུད་མེད་ཅིག་ཡིན་པའི་ཆ་ནས་ཏོག་ཙམ་ཐེ་ཚོམ་གནང་གི་འདུག མར་ཐོན་ནས་སློབ་སྦྱོང་སྤྲོད་རྒྱུར་འཚེར་སྣང་གནང་གི་འདུག འཚེར་སྣང་དེ་སོ་སོའི་ཤེས་ཡོན་ལ་ངོས་ལེན་གནང་མ་ཐུབ་པ་དང་། ཡང་གདེང་ཚོད་ལ་ངོས་ལེན་མ་གནང་བར་དཀའ་ངལ་ཞིག་འཕྲད་བཞིན་པ་འདིར་ཡང་ཐུགས་ཁྲལ་གནང་བཞིན་འདུག དེ་ནས་ཡང་དགོན་པ་ཁག་ཏུ་བོད་ནས་ཁ་ཐུག་ཕེབས་མཁན་གྲྭ་བཙུན་གསར་བ་དཀོན་པོ་ཡིན་པས་མ་འོངས་པར་བཙན་བྱོལ་གྱི་དགོན་སྡེ་གྲྭ་ཚང་ཁག་གང་འདྲ་ཞིག་ཏུ་འགྱུར་ངེས་པར་ཐུགས་ཁྲལ་གནང་བཞིན་འདུག་ཅེས་ཟབ་སྦྱོང་འདི་བརྒྱུད་དེ་དགེ་བཤེས་མ་ཚོས་ཐུགས་ཁྲལ་གཙོ་བོ་གང་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།

སྒྲོལ་མ་གླིང་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།
སྒྲོལ་མ་གླིང་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་།

ཡང་བདེ་ཆེན་ལགས་ཀྱིས་བརྗོད་དོན་ལྟར་ན། སྤྱིར་ང་ཚོའི་སྤྱི་ཚོགས་ཀྱི་ལམ་ལུགས་སུ་བུ་དང་བུ་མོ་ལ་ཏོག་ཙམ་ཁྱད་པར་ཡོད་ཅིང་། བུད་མེད་ཡིན་ན་རང་བཞིན་གྱིས་ཉམ་ཆུང་བ་དང་སྨྲ་བ་ཉུང་བ་ཡིན་པ་རེད། ད་ལྟ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པ་དང་བུད་མེད་ཚོར་ཡང་སློབ་སྦྱོང་དང་བློ་ཁོག་སོགས་འཛོམས་པོ་ཡོང་གི་ཡོད་ཀྱང་། ཡང་ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་དགེ་བཤེས་མ་ཚོ་རང་ཉིད་ལ་སློབ་སྦྱོང་སོགས་འཛོམས་པོ་ཡོད་རུང་ད་དུང་དེ་ཙམ་ཤེས་ཀི་མེད་པའི་ཁེངས་སྐྱུང་ངམ་ཉམས་ཆུང་གི་བཟོ་ལྟ་འདུག དེའི་རྐྱེན་གྱིས་ཟབ་སྦྱོང་འདི་ལྟ་བུ་བརྒྱུད་དེ་དགེ་བཤེས་མ་ཚོར་རང་ཉིད་ལ་ཤེས་ཡོན་འཛོམས་པོ་ཡོད་པ་ལྟར་གདེང་ཚོད་དང་བློ་ཁོག་གི་སྦྱོང་བརྡར་སྤྲད་དེ་རང་ཉིད་རང་ལ་གདེང་ཚོད་སླེབས་ཐུབ་པར་རེ་བ་རྒྱག་གི་ཡོད་པ་རེད།

བཙན་བྱོལ་གྱི་བཙུན་དགོན་ཁག་ཏུ་དགེ་བཤེས་མ་ཇེ་མང་དུ་ཕེབས་བཞིན་ཡོད་ཀྱང་། དགེ་བཤེས་མ་ཚོས་དགོན་པ་གྲྭ་ཚང་ཁག་ཏུ་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱེད་རྒྱུ་ཁོ་ན་མ་ཡིན་པར་སྤྱི་ཚོགས་སུ་ཕྱག་ལས་གནང་རྒྱུ་གལ་ཆེ་བ་ལྟར། བོད་ཀྱི་སྤྱི་ཚོགས་ནས་མཐུན་རྐྱེན་སྦྱོར་དགོས་པ་དང་རྒྱབ་སྐྱོར་བྱེད་དགོས་པ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་ཅེས་སྤྱི་ཚོགས་འཕྲོད་བསྟེན་གྱི་སློབ་གསོ་བ་བདེ་ཆེན་ལགས་ཀྱིས་གསུང་སོང་།

བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པ་ནི་ཨ་རིའི་ཝ་ཤིང་ཊོན་མངའ་སྡེ་སི་ཨ་ཌར་གྲོང་ཁྱེར་ནང་རྟེན་གཞི་བྱེད་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཐེངས་འདིར་ཚོགས་པ་འདིའི་རྒྱུན་ལས་བདེ་ཆེན་ཚེ་རིང་ལགས་དང་ཚེ་བརྟན་ལགས་གཉིས་ཀྱིས་སྣེ་ཁྲིད་དེ་ཕྱི་རྒྱལ་གྱི་སློབ་གསོ་བ་ཚུད་པའི་དང་བླངས་རུ་ཁག་ཅིག་ཆེད་དུ་སྒྲོལ་མ་གླིང་དུ་ཕེབས་ཏེ་ཟབ་སྦྱོང་འདི་འཚོགས་བཞིན་པ་དང་། འདིའི་ནང་དུ་དགེ་བཤེས་མའི་བསླབ་པ་མཐར་སོན་མཁན་དང་དགེ་བཤེས་མ་ཐོན་ལ་ཉེ་བ་སོགས་ཁྱོན་བཙུན་མ་བཅུ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།།

དགེ་བཤེས་མའི་ཟབ་སྦྱོང་ལས་གཞི།
please wait

No media source currently available

0:00 0:18:29 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG