ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

རྒྱ་ནག་གི་ཏོག་ནད་སྔོན་འགོག་སྨན་ཁབ་བཟོ་མཁན་ལས་གནས་ནས་ཕྱིར་ཕུད།


རྒྱ་ནག་གི་ཏོག་ནད་སྔོན་འགོག་སྨན་ཁབ་བཟོ་མཁན་ལས་གནས་ནས་ཕྱིར་ཕུད།
རྒྱ་ནག་གི་ཏོག་ནད་སྔོན་འགོག་སྨན་ཁབ་བཟོ་མཁན་ལས་གནས་ནས་ཕྱིར་ཕུད།

༄༅།། རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཟོ་མཁན་གཙོ་བོ་དང་སྨན་ཁབ་དེར་ཆོག་མཆན་འགོད་མཁན་ཚན་རིག་པ་དབྱང་ཞའོ་མཱིང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བྱས་འདུག ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༦༢་ལ་སོན་པའི་རྒྱ་ནག་གི་ཏོག་ནད་སྨན་ཁབ་བཟོ་མཁན་གཙོ་བོ་དབྱང་ཞའོ་མཱིང་གིས་ཁྲིམས་དང་སྒྲིག་གཞིར་འགལ་འཛོལ་ཚབས་ཆེན་བྱུང་བ་རེད་ཟེར། རྒྱ་ནག་གཞུང་གིས་ཁྲིམས་དང་སྒྲིག་གཞིར་འགལ་འཛོལ་བྱུང་བ་རེད་ཟེར་བའི་གོ་དོན་ནི་ལྐོག་ཟ་རུལ་སུངས་སུ་བྱས་པར་གོ་དགོས་པར་སྣང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྨན་བཅོས་དང་འཕྲོད་བསྟེན་ཚན་པའི་ཁྱབ་ཁོངས་ཀྱི་ལྐོག་ཟ་རུལ་སུངས་ལ་གནོན་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན། རྒྱ་ནག་དམར་ཤོག་ཚོགས་པ་ཕྱི་དགྲ་ལས་ཀྱང་ནང་རུལ་དུ་གྱུར་ནས་མགོ་རྟིང་སློག་སྲིད་པར་སྐྲག་གི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱང་ཞའོ་མཱིང་ནས་རྒྱ་ནག་གི་སྐྱེ་ལྡན་ཚན་རིག་ཞིབ་འཇུག་ཁང་གི་གཙོ་འཛིན་དང་ཉམས་ཞིབ་པའི་གོ་གནས་བཟུང་། ཁོ་པའི་འགོ་ཁྲིད་འོག་རྒྱ་ནག་གི་གོ་ཡའོ་ཅཱི་ཐོན་(Sinopharm)་བཟོ་ཚོང་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོས། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་གོ་ཡའོ་ཅཱི་ཐོན་གྱི་སྨན་ཁབ་དང་ཁེ་ཞཱིང་(Sinovac)་སྨན་ཁབ་གཉིས་སྤྱི་དམངས་ལ་ཡོངས་ཁྱབ་ཏུ་བརྒྱབ། གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དབུས་རྒྱུན་ལས་རྣམས་ཉིན་བཞིར་ཚོགས་འདུ་ཚོགས་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། དབྱང་ཞའོ་མཱིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་འཇུག་བྱ་རྒྱུ་འགོ་བཙུགས་ཡོད་ཅིང་། རྒྱ་ནག་གི་སྨན་ཁང་ཁག་དང་སྨན་གྱི་བཟོ་གྲྭ་ཁག ད་དུང་འཕྲོད་བསྟེན་འགན་སྲུང་ལས་ཁུངས་ཁག་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་ན་ནིང་རྒྱ་ནག་གི་སྨན་ཁང་འགའ་ཞིག་གི་འགོ་ཁྲིད་ཚོ་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གོ་ཡའོ་ཅཱི་ཐོན་Sinopharmབཟོ་ཚོང་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོས།
རྒྱ་ནག་གི་གོ་ཡའོ་ཅཱི་ཐོན་Sinopharmབཟོ་ཚོང་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོས།

ཁ་སྔོན་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་གོ་ཡའོ་ཅཱི་ཐོན་གྱི་སྤྱི་ཁྱབ་གཞོན་པ་ཀྲུག་པིན་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ༢༠༢༠་ལོར་རྒྱ་ནག་གི་གོ་ཡའོ་ཅཱི་ཐོན་གྱིས་བཟོས་པའི་སྨན་ཁབ་རྣམས་འཛམ་གླིང་རྒྱལ་ཁབ་༡༡༢་ལ་བཀྲམ། ༢༠༢༡་ལོར་རྒྱ་ནག་གི་གསར་འགྱུར་ལས་ཁང་ཞིག་གིས་དབྱང་ཞའོ་མཱིང་ལ་བཅར་འདྲི་ཞུས་པའི་སྐབས་སུ་སྨན་ཁབ་དེ་ཉི་མ་༣༣༠་ཐམ་པའི་ནང་ཚུད་དུ་སྡེབ་སྦྱོར་དང་ཚོད་ལྟ། མི་དམངས་ལ་ཡོངས་ཁྱབ་ཏུ་རྒྱག་ཐུབ་པ་ཞིག་བྱུང་བ་རེད། དེ་ནི་ངོ་མཚར་ཅན་ཞིག་རེད། ང་ནི་༢༠༢༠་ལོའི་ཕྱི་ཟླ་༣་པའི་ནང་གོ་ཡའོ་ཅཱི་ཐོན་གྱི་སྨན་ཁབ་བརྒྱབ་ནས་ཚོད་ལྟ་བྱ་ཡུལ་དང་པོའི་གྲས་སུ་ཡོད། ངས་ཟླ་བ་དགུའི་རྗེས་སུ་ཁྲག་བརྟག་དཔྱད་བྱས་ནས་ནད་འགོག་ལུས་ཟུངས་ཆགས་ཐུབ་ཡོད་མེད་བལྟས་པ་ཡིན། རྒྱ་ནག་མི་དམངས་ས་ཡ་༡་ལ་ཛ་དྲག་གི་ཆེད་དུ་སྨན་ཁབ་དེ་བརྒྱབ་པ་ཡིན་ཞེས་ལན་བཏབ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ནད་འགོག་ལུས་ཟུངས་ཆགས་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༢༠་ལོའི་ཕྱི་ཟླ་༩་པའི་ནང་རྒྱ་ནག་གཞུང་གིས་དབྱང་ཞའོ་མཱིང་སོགས་ཀྱི་བྱས་རྗེས་ལ་གཟེངས་རྟགས་སྤྲད། ལོ་དེའི་ཕྱི་ཟླ་༡༡་པའི་ནང་རྒྱ་ནག་གི་ནད་རིགས་སྔོན་འགོག་རིག་པའི་མཐུན་ཚོགས་ཀྱིས་དབྱང་ཞའོ་མཱིང་ལ་ཁྱད་དུ་འཕགས་པའི་མཁས་པ་ཞེས་ཆོ་ལོ་སྩལ། དེའི་རྗེས་སུ་དབྱང་ཞའོ་མཱིང་ལ་རྒྱ་ནག་གི་ཚན་རིག་དང་སྨན་གཞུང་མཁས་པའི་གཟེངས་རྟགས་ཏེ། ཧོ་ལེང་དང་ཧོ་ལི་ཐེབས་རྩ་ཁང་གི་བྱ་དགའ་ཐོབ། བདུན་ཕྲག་འདིར་དབྱང་ཞའོ་མཱིང་ཚོགས་མི་༣༠༠༠་མ་ཟིན་ཙམ་ཞིག་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་བསྐྲད། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འོས་ཆོས་ཚང་མིན་དེ་དབུས་རྒྱུན་ལས་ཚོས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་དགོས། དབྱང་ཞའོ་མཱིང་མ་ཡིན་པའི་འཐུས་མི་གཞན་པ་༣་ཡང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་ཕྱིར་ཕུད་བྱས་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༡་ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་མི་༣༠༠༠་མ་ཟིན་ཙམ་ཞིག་ལ་ཕྲ་ཕུང་དཀར་པོ་མང་སྐྱོན་དང་གཅིན་སྙིའི་ན་ཚ་ཕོག རྒྱ་ནག་གི་ས་གནས་ཁག་ཏུ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོར་སྙན་ཞུ་ཕུལ་ནས་ཞུ་གཏུག་བྱ་རྒྱུ་མགོ་བརྩམས། དཔེར་ན་ཅང་སུའུ་ཞིང་ཆེན་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་གི་སློབ་ཕྲུག་ལོའོ་ཀྲེ་ཧན་ཞེས་པ་ཞིག་ལ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ཕྲ་ཕུང་དཀར་པོ་མང་སྐྱོན་གྱི་ན་ཚ་ཕོག་སྟེ་ཟླ་བ་༡་གི་རྗེས་སུ་གྲོངས། ཕ་མ་ཚོས་རང་གི་ཕྲུ་གུར་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ཕྲ་ཕུང་དཀར་པོ་མང་སྐྱོན་གྱི་ན་ཚ་ཕོག་སོང་ཞེས་ཁྲིམས་ལ་གཏུགས། ཁོ་ཚོས་ཁྲིམས་གཏུགས་བྱས་པའི་སྐབས་སུ་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ཞོར་གནོད་ཆེན་པོ་ཐེབས།
ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ཞོར་གནོད་ཆེན་པོ་ཐེབས།

༢༠༢༤་ལོའི་ཕྱི་ཟླ་༣་མགོ་སྟོད་དུ་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུའི་སྔོན་དུ་མི་༣༠༠༠་ཙམ་གྱིས་ང་ཚོར་རྒྱལ་ནང་དུ་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ཞོར་གནོད་ཆེན་པོ་ཐེབས་སོང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ངེས་པར་དུ་གནད་དོན་དེར་ཞིབ་འཇུག་བྱ་དགོས་ཞེས་སྙན་ཞུ་ཕུལ་མོད། འོན་ཀྱང་པེ་ཅིང་དུ་གནས་འཁོད་མི་མང་གནོད་ཐེབས་པའི་སྐུ་ཚབ་ཆན་ཏ་ལུང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་རྣམས་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་པའམ། ཡང་ན་ཉེན་རྟོག་པས་རྗེས་འདེད་བྱས་ནས་ལས་དོན་ཅི་ཡང་སྒྲུབ་ཐུབ་ཀྱི་མི་འདུག དེ་བཞིན་མང་ཚོགས་ལ་སྨན་ཁབ་གནོད་སྐྱོན་ཅན་བརྒྱབ་སྟེ་ནད་མནར་འབྱུང་གི་ཡོད་པར་ཞིབ་འཇུག་བྱ་དགོས་ཞེས་དྲྭ་ལམ་དུ་སྙན་ཞུ་འབུལ་བའི་ལས་འགུལ་ཡང་བཀག་སོང་ཞེས་བསྟན།།

མི་མང་གནོད་ཐེབས་པའི་སྐུ་ཚབ་ཆན་ཏ་ལུང་གིས་ང་ལ་གོ་ཡའོ་ཅཱི་ཐོན་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གསུམ་པའི་འགོག་ཁབ་བརྒྱབ་པའི་རྗེས་སུ་གཟའ་གྲིབ་ཕོག་སོང་། ངས་ན་ནིང་ཕྱི་ཟླ་༧་པ་ནས་དྲྭ་ལམ་དུ་རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་ཚོར་ཞོར་གནོད་ཆེ་བ་ཐེར་འདོན་བྱས་པ་ཡིན། དེར་བརྟེན་ང་ཟླ་བ་༡་ལ་བཀག་ཉར་བྱས་པ་དང་ངའི་ཝི་པོ་དྲྭ་ཚིགས་ཀྱི་ཐོ་ཁྲ་སྒོ་བརྒྱབ་སོང་། ངས་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་གཏུགས་བྱས་ཀྱང་གྲུབ་འབྲས་མ་སྨིན། ང་ལྟ་བུའི་མི་༢༩༧༣་ཡོད་ཀྱང་མི་ཁག་ཅིག་གིས་རང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ནས་ནད་པར་གྱུར་པ་ཤེས་ཀྱི་མི་འདུག་ཅེས་བཀྲལ། སྙན་ཞུ་དེར་མིང་རྟགས་འགོད་མཁན་མི་༣༠༠༠་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་གི་མང་ཆེ་བར་ཕྲ་ཕུང་དཀར་པོ་མང་སྐྱོན་དང་གཅིག་སྙིའི་ན་ཚ་འགོས་འདུག་ཅེས་ཕྱི་ཟླ་༢་པའི་ཚེས་༢༢་ཉིན་ནད་པའི་ཐོབ་ཐང་སྲུང་སྐྱོབ་དྲྭ་ལས་ཚོགས་པ་ཞེས་པ་ཞིག་གིས་ཕྱིར་བསྒྲགས་བྱས་འདུག

༢༠༢༡་ལོའི་ཕྱི་ཟླ་༦་པའི་ཚེས་༢༧་ཉིན་ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨིན་རྡུ་ནེ་ཤི་ཡའི་སྨན་པ་༢༦་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བ་དེ་དག་གི་༡༠་ཐམ་པར་རྒྱ་ནག་གིས་བཟོས་པའི་ཁེ་ཞཱིང་སྨན་ཁབ་བརྒྱབ་འདུག རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་ཚོས་ཏོག་དབྱིབས་ནད་དུག་འགོག་ཐུབ་པ་དང་སྨན་ཁབ་དེར་ཞོར་གནོད་མེད་པའི་ཁག་ཐེག་བྱེད་དཀའ། རྒྱ་ནག་གིས་སྨན་ཁབ་དེ་རྣམས་འཛམ་གླིང་ཡོངས་སུ་བཀྲམ་ནས་མང་ཚོགས་ལ་རྒྱག་གི་ཡོད་པ་ཉེན་ཚབས་ཆེན་པོ་ཞིག་རེད་ཅེས་གསར་འགྱུར་སྤེལ། ལོ་དེའི་ཕྱི་ཟླ་༦་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཀྱང་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་༣༥༠་ལྷག་ལ་རྒྱ་ནག་གི་ཁེ་ཞཱིང་སྨན་ཁབ་བརྒྱབ་ཀྱང་ཏོག་དབྱིབས་ནད་དུག་འགོས་འདུག སྨན་པ་དང་སྨན་ཞབས་ཁག་ཅིག་ནད་པ་ཚབས་ཆེན་དུ་གྱུར་ཡོད་པས་རྒྱ་ནག་གི་སྨན་ཁབ་དེ་ཚོར་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ། དེས་ན་དབྱང་ཞའོ་མཱིང་སོགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་བའི་འགྲོ་གྲོན་རྣམས་ལྐོག་ཟ་བྱས་ཡོད་སྲིད་ཅེས་ཉམས་ཞིབ་པ་ཚོས་དོགས་སློང་བྱས་འདུག

གླེང་སྟེགས།

XS
SM
MD
LG