ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

རྒྱ་གར་གྱི་གྲོས་ཚོཊ་སུ་ལ་དྭགས་ལ་གདན་ཐོབ་༡་ཡོད་པ་དེ་རྙོག་འཛིང་དུ་གྱུར།


རྒྱ་གར་གྲོས་ཚོགས་འོག་མ།
རྒྱ་གར་གྲོས་ཚོགས་འོག་མ།

༄༅།། དེང་སྐབས་རྒྱ་གར་རྒྱལ་ཡོངས་སུ་རིམ་པ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཀསྨིར་གྱི་འཚོ་བ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོས་པ་གང་གི་ཁོངས་སུའང་མ་ཞུགས་པར་རང་ངོས་ནས་གྲོས་ཚོགས་འཐུས་མིའི་འོས་བསྡུར་འགྲན་ཞུགས་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱི་ཚབ་ཏུ་བཀྲ་ཤིས་རྒྱལ་མཚན་ཞེས་པ་ཞིག་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིར་བདམས། རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཐག་གཅོད་དེར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཡི་རང་མ་བྱུང་བའི་གནས་ཚུལ་ཐོན་འདུག

Jamyang Tsering Namgyal Member of Parliament ( Photo from Jamyang Tsering Namgyal twitter)
རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་

ཕྱི་ཟླ་༥་པའི་ཚེས་༣་ཉིན་སྲིད་དོན་ཚོགས་པ་སོ་སོས་རང་གི་གྲོས་ཚོགས་འཐུས་མིའི་འོས་མི་སུ་ཡིན་གཏན་ཁེལ་བྱས་ནས་ཐོ་འགོད་བྱ་དགོས་པའི་དུས་ཚོད་ཡིན་ཞིང་། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་མོར་ལ་དྭགས་ལ་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མར་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་འོས་ཤོག་འཕངས། སྲིད་དོན་ཚོགས་པ་གང་གི་འོས་མིར་འོས་ཤོག་མང་བ་ཐོབ་ན་ཚོགས་པ་དེའི་འཐུས་མི་ལྡི་ལི་གསར་པའི་གྲོས་ཚོགས་སུ་ཕེབས་དགོས་ཤིང་། རྒྱ་གར་གྱི་གཞུང་འཛིན་ཚོགས་པས་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིར་བཀྲ་ཤིས་རྒྱལ་མཚན་བདམས་ནས་གཏན་ཁེལ་བྱུང་ཡང་ཕྱོགས་འགལ་ཀོང་རེ་སི་ཚོགས་པས་གྲོས་ཚོགས་འཐུས་མིའི་འོས་མི་སུ་ཡིན་གཏན་ཁེལ་མ་བྱུང་བར་ལུས། ས་གནས་ཀྱི་ཀོང་རེ་སི་ཚོགས་པའི་ལས་སྣེ་ཚོས་གླེའི་ནང་པ་ཞིག་མིན་པར་མཁར་དཀྱིལ་གྱི་ཁ་ཆེ་ཞིག་གྲོས་ཚོགས་འཐུས་མིའི་འོས་མིར་གདམ་དགོས་ཞེས་ནན་གྱིས་བསྐུལ།།

ཉེ་ཆར་རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།
ཉེ་ཆར་རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས།

ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཕྱོགས་འགལ་ཚོགས་པའི་ཁོངས་སུ་མ་ཞུགས་པར་རང་ངོས་ནས་གྲོས་ཚོགས་འཐུས་མིའི་འོས་བསྡུར་འགྲན་ཞུགས་བྱ་རྒྱུའི་རྟགས་མཚན་མངོན། ཁོང་གིས་རང་གི་རྒྱབ་སྐྱོར་བ་ཚོར་རེ་བ་བཟང་སར་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་འཕྲིན་ཐུང་ཞིག་སྤེལ་ནས་བྷི་ཇེ་པི་གཞུང་འཛིན་ཚོགས་པས་གྲོས་ཚོགས་འཐུས་མིའི་འོས་མི་བརྗོ་པོ་བརྒྱབ་པར་མ་དགའ་བའི་རྣམ་འགྱུར་བསྟན། གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་གཉིས་ཀས་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མི་དེར་ཀོང་རེ་སི་ཚོགས་པས་འགོ་ཁྲིད་པའི་ཕྱོགས་འགལ་ཚོགས་པས་འོས་མི་སུ་ཞིག་བདམས་ཀྱང་དེར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྒྱལ་གྱིས་ངས་སྲིད་དོན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ང་འཕོ་འགྱུར་བཏང་དོན་ཅི་ཡིན་སྐད་ཆ་དྲིས་པ་ཡིན། ང་ལ་སྲིད་དོན་ཚོགས་པའི་ནང་ཁུལ་དུ་མ་དགའ་བ་ཅི་ཡང་མེད་པ་དང་སྲིད་དོན་ཚོགས་པའི་ལས་སྣེ་ཚོ་ངའི་ཕྱོགས་སུ་འདུག ཡིན་ནའང་ང་འཕོ་འགྱུར་བཏང་བའི་རྒྱུ་མཚན་ཅི་ཡིན་ཤེས་འདོད་ཡོད། ང་བཀྲ་ཤིས་རྒྱལ་མཚན་ལ་མ་དགའ་བ་ཅི་ཡང་མེད། ཁོ་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཁོངས་སུ་ཁྲིད་ཡོང་མཁན་ང་ཡིན། ངས་བཀྲ་ཤིས་རྒྱལ་མཚན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་ཡིན། ངས་ཉིན་ཤེས་རྗེས་སུ་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། གལ་སྲིད་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོགས་ཁག་གི་ཁོངས་སུ་མ་ཞུགས་པར་རང་ངོས་ནས་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ཚེ། ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ལས་མེད་པ་དེའི་འོས་ཤོག་རྣམས་ཁ་འཐོར་དགུ་འཐོར་དུ་ཕྱིན་ཏེ་འོས་མི་གཅིག་ལའང་འོས་འདང་ངེས་ཤིག་མ་ཐོབ་པར་འགྱུར་སྲིད་ཅེས་བཀྲལ།།

ཕྱི་ཟླ་༤་པའི་ཚེས་༣༠་ཉིན་མོར་ལ་དྭགས་ཀྱི་སྒྲ་སྐད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཁར་དཀྱིལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཧ་ཇཱི་ཨ་ས་གྷར་ཨ་ལི་ཁར་བྷ་ལེ་དང་ན་སིར་ཧུ་སེན་མུན་ཤཱི་གཉིས་ལྡི་ལི་གསར་པར་བསྐྱོད། ཁོ་ཚོས་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་གྱི་འོས་བསྡུའི་སྐབས་སུ་ཀོང་རེ་སི་ཚོགས་པའི་འོས་མི་ཧ་ཇི་ཧ་ནི་ཧྥ་ཇན་སྲིད་དོན་ཚོགས་པ་དེའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིར་བསྐོ་བཞག་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། མཁར་དཀྱིལ་གྱི་མཐོ་རིམ་འགོ་ཁྲིད་གཉིས་གློ་བུར་དུ་ལྡི་ལི་གསར་པར་བསྐྱོད་པ་དེར་མང་ཚོགས་ཀྱིས་དོ་སྣང་དང་གྲོས་ཚོགས་འཐུས་མིའི་འོས་མི་སུ་འདྲ་ཞིག་འདེམས་བསྐོ་བྱ་རྒྱུ་ཡིན་མིན་སོགས་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོའི་རུ་སྒྲིག་ཁྲོམ་སྐོར་གྱི་སྐབས་སུ།
སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོའི་རུ་སྒྲིག་ཁྲོམ་སྐོར་གྱི་སྐབས་སུ།

གླེའི་ནང་པ་དང་མཁར་དཀྱིལ་གྱི་ཁ་ཆེ་བཅས་ཕྱོགས་གཉིས་ཀས་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཆོག་ཅེས་ཁས་ལེན་བྱས་པ་ཁ་དན་ཚིག་ལ་གནས་མ་སོང་། ལ་དྭགས་ཀྱི་ས་ཆ་དང་ཁོར་ཡུག ཤེས་ཡོན་སློབ་སྦྱོང་དང་ལས་ཀའི་གོ་སྐབས་སོགས་ལ་སྲུང་སྐྱོབ་བྱེད་པར་ལ་དྭགས་ལ་ངེས་པར་དུ་མངའ་སྡེའི་གྲོས་ཚོགས་བཙུགས་ནས་བཅའ་ཁྲིམས་བཟོ་ཆོག་པའི་དབང་ཚད་དགོས་ཀྱི་འདུག ལ་དྭགས་མངའ་སྡེའི་གྲོས་ཚོགས་མེད་ན་རྒྱ་གར་གྱི་འབྱོར་ལྡན་པ་ཚོས་བཟོ་གྲྭ་བཙུགས་ཏེ་གཏེར་ཁ་བསྔོགས། ལ་དྭགས་ཀྱི་སྐྱེ་ཁམས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་། ལ་དྭགས་པའི་ངོ་བོ་བཅས་ལ་སྲུང་སྐྱོབ་བྱེད་མི་ཐུབ་པར་འགྱུར་རྒྱུ་ཡིན་པར་མ་ཟད། ལ་དྭགས་ལ་ཕྱི་མི་ཁྲི་ཚོ་མང་པོ་ཡོང་ནས་ནམ་ཞིག་ལ་དྭགས་པ་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG