ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

རྒྱ་གར་གྱིས་ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་མགོ་བརྩམ་རྒྱུའི་ཐག་བཅད།


རྒྱ་གར་གྱི་སྲིད་བློན་ནེ་རེ་ཌྷ་མོ་ཌི་ཡིས ༢༠༠༡ ལོར་ཨེ་ཊལ་ཕུག་ལམ་གྱི་ནང་དུ་གོམ་པ་སྤོས་ནས་འགྲོ་བཞིན་ཡོད།
རྒྱ་གར་གྱི་སྲིད་བློན་ནེ་རེ་ཌྷ་མོ་ཌི་ཡིས ༢༠༠༡ ལོར་ཨེ་ཊལ་ཕུག་ལམ་གྱི་ནང་དུ་གོམ་པ་སྤོས་ནས་འགྲོ་བཞིན་ཡོད།

༄༅།། ད་ལོའི་དབྱར་དུས་སུ་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་བྱས་ནས་ལ་དྭགས་དང་ཧི་མ་ཅལ་མངའ་སྡེ་གཉིས་མཐུད་ཐབས་བྱ་རྒྱུའི་ཐག་བཅད། ཕྱི་ཟླ་༥་པའི་ཚེས་༧་ཉིན་རྒྱ་གར་གྱི་ཊྲི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་བྱས་པའི་རྗེས་སུ་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་དབྱར་དགུན་སྟོན་དཔྱིད་མེད་པར་ནམ་ཟླ་བཞིའི་རིང་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་ཐུབ་པའི་དགེ་མཚན་ལྡན། ༢༠༢༦་ལོར་ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུའི་དམིགས་ཚད་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཡུལ་ལྗོངས་རྣམ་པར་མཛེས་པའི་མ་ན་ལི་གྲོང་རྡལ་ནས་དར་རྩེ་དང་ཤིང་མགོ་ལ། དཔའ་གཏུམ་དང་སྙེ་མོ། གླེ་བཅས་པ་ཡུག་གཅིག་ཏུ་མཐུད་པའི་རྒྱ་ལམ་དེར་རིང་ཚད་སྤྱི་ལེ་༤༥༠་ཡོད་པ་དང་༢༠༢༡་ལོར་རྒྱ་གར་གྱི་དམག་གིས་རྒྱ་ལམ་དེ་བཀོལ་སྤྱོད་བྱ་རྒྱུ་འགོ་ཚུགས། ཡིན་ནའང་ལོ་གཅིག་གི་ཟླ་བ་༨་ཀྱི་རིང་རྒྱ་ལམ་དེ་ཁ་བས་མནན། ཤིང་མགོ་ལའི་ཕུག་ལམ་གྲུབ་ན་དགུན་གྱི་དུས་སུའང་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་འགྲིམ་འགྲུལ་དང་སྐྱེལ་འདྲེན་མཚམས་མི་ཆད། ཤིང་མགོ་ལའི་ཕུག་ལམ་ནི་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་དགོས་མཁོ་ཆེན་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཧི་མ་ཅལ་མངའ་སྡེའི་མ་ན་ལི་དང་གླེའི་རྒྱ་ལམ་དེར་རིང་ཚད་སྤྱི་ལེ་༤༥༠་ཡོད་པ་དེའི་ཁོངས་ནས་རིང་ཚད་སྤྱི་ལེ་༢༩༨་གསར་བཟོ་བྱ་དགོས་ཤིང་། རྒྱ་ལམ་དེའི་བརྒྱ་ཆ་༦༥་ལེགས་འགྲུབ་ཟིན། ཧིན་བོད་ས་མཚམས་སུ་ཆགས་པའི་ལ་དྭགས་དང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་བོད་རང་སྐྱོང་ལྗོངས་གཉིས་ས་མཚམས་སྤྱི་ལེ་༨༢༣་འདྲེས། འདས་པའི་ལོ་བརྒྱ་ཕྲག་མང་པོར་ཧིན་བོད་ས་མཚམས་སུ་འཁྲུག་རྩོད་མེད་ཀྱང་བོད་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་རྗེས་སུ་ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པར་གྱུར། ལོ་གཅིག་གི་ཟླ་བ་༦་ལྷག་ལ་ཤྲི་ན་གྷར་དང་བསོད་ནམས་གཞུང་ལམ། མ་ན་ལི་དང་སྐྱིད་ལུང་བཅས་པ་ཁ་བས་མནན་ནས་སྐྱེལ་འདྲེན་མ་ཐར་པར་འགགས།།

རྒྱ་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་ལམ་དང་ཕུག་ལམ། ཟམ་པ་དང་གནམ་ཐང་། མི་དམངས་བཅིངས་འགྲོལ་དམག་གི་རྟེན་གཞི་སོགས་འཛུགས་སྐྲུན་གང་མང་བྱས་ཏེ་དམག་དཔུང་སྐྱེལ་འདྲེན་སྟབས་བདེ་རུ་སོང་། གལ་སྲིད་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་ཚེ། རྒྱ་ནག་གིས་འཕྲལ་དུ་རྒྱ་གར་གྱི་ས་མཚམས་བར་དུ་དམག་དཔུང་དང་མཚོན་ཆ། འཐབ་འཁྲུག་གི་མཁོ་ཆས་རྣམས་དལ་འགོར་མེད་པར་སྐྱེལ་འདྲེན་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན། དེར་བརྟེན་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཧིན་བོད་ས་མཚམས་ཡོངས་སུ་རྒྱ་ལམ་དང་ཕུག་ལམ། ཟམ་པ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་དམག་སྒར་འཛུགས་སྐྲུན་བྱས་ནས་མཐའ་མཚམས་སྲུང་སྐྱོབ་ལ་འཐུས་ཤོར་མེད་པར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༢༣་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་རྒྱ་གར་གྱི་ཧིལ་སྦྲག་ཟམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ཧིན་བོད་ས་མཚམས་སུ་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་བསད་པ་དང་རྒྱ་ནག་གི་དམག་མི་ལའང་བསད་རྨས་བྱུང་། དེ་ནས་རྒྱ་གར་གཞུང་གིས་ཧི་མ་ལ་ཡའི་ས་མཚམས་ཁག་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་རྨང་གཞིའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་གནད་འགག་ཤིན་ཏུ་ཆེན་པོར་བརྩིས། རྒྱ་གར་གཞུང་གིས་དབྱར་དགུན་མེད་པར་ལ་དྭགས་ལ་དམག་དཔུང་འདྲེན་གཏོང་ཐུབ་ཐབས་སུ་ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད། ཤིང་མགོ་ལའི་ཕུག་ལམ་གྲུབ་ན་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་ཀྱི་ཟངས་དཀར་བར་དུ་ཐད་ཀར་ཤར་སྐྱོད་ཐུབ།།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སཱིང་
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སཱིང་

ན་ནིང་ཕྱི་ཟླ་༩་པའི་ནང་རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་༢༡༤་འགྲོ་བཏང་ནས་ལ་དྭགས་ཀྱི་ཉོ་མ་ས་གནས་སུ་དམག་གི་གནམ་ཐང་ཞིག་གི་འཛུགས་སྐྲུན་བྱ་རྒྱུའི་ལས་མགོ་བརྩམས། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སཱིང་གིས་གནམ་ཐང་གི་རྨང་རྡོ་བཙུགས། དེང་སྐབས་ལོ་དྭགས་ཀྱི་ས་གནས་ཁག་ཏུ་རྒྱ་གར་གྱི་དམག་མི་༦༨༠༠༠་ལྷག་དང་ལྕགས་ཁྲབ་འཁོར་ལོ་༩༠་ཡས་མས། དམག་གི་འཐབ་འཁོར་༣༣༠་ལྷག་དང་རེ་ཌར་འཕྲུལ་ཆས། མེ་སྒྱོགས་སོགས་གནམ་དམག་གིས་སྐྱེལ་འདྲེན་བྱས་ནས་བཀྲམ། རྒྱ་གར་གྱི་གནམ་དམག་གིས་ཉིན་མཚན་མེད་པར་ཧིན་བོད་ས་མཚམས་སུ་སྐོར་གཡེང་དང་མྱུལ་ཞིབ་བྱེད་ཀྱི་ཡོད་ཅིང་། ཉོ་མའི་གནམ་ཐང་གི་དགོས་མཁོ་གཙོ་བོ་ནི་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་འབྲེལ་བ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG