ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཡུ་རོབ་ནི་འཛམ་གླིང་ཐོག་དྲོད་ཚད་འཕར་བ་མགྱོགས་ཤོས་ཀྱི་གླིང་ཆེན་དེ་ཡིན་པར་བརྗོད།


༢༠༢༣ ལོའི་ཟླ་བ་༧ པའི་ཚེས་༡༦ ཉིན་ཡུ་རོབ་ཏུ་ཚ་བའི་རྦ་རླབས་འཕྱུར་བར་བརྟེན། ཡེ་ཤུའི་ཆོས་ཁང་ཞིག་གི་མདུན་ལ་བུ་མོ་ཞིག་གིས་ཆུ་དམ་བི་གང་སོ་སོའི་གདོང་ལ་བླུག་བཞིན་པའི་ངང་ཚུལ།
༢༠༢༣ ལོའི་ཟླ་བ་༧ པའི་ཚེས་༡༦ ཉིན་ཡུ་རོབ་ཏུ་ཚ་བའི་རྦ་རླབས་འཕྱུར་བར་བརྟེན། ཡེ་ཤུའི་ཆོས་ཁང་ཞིག་གི་མདུན་ལ་བུ་མོ་ཞིག་གིས་ཆུ་དམ་བི་གང་སོ་སོའི་གདོང་ལ་བླུག་བཞིན་པའི་ངང་ཚུལ།

༄༅། །རེས་གཟའ་ཟླ་བའི་ཉིན་ལ་འཛམ་གླིང་ཐོག་གི་གནམ་གཤིས་རྟོག་ཞིབ་སྒྲིག་འཛུགས་རྩེ་གྲས་གཉིས་ཀྱིས་སྙན་ཐོ་བཏོན་གསལ་ལས། ད་ལྟའི་ཆར་ཡུ་རོབ་གླིང་ཆེན་ནི་འཛམ་གླིང་ཐོག་དྲོད་ཚད་འཕར་བ་མགྱོགས་ཤོས་ཀྱི་གླིང་ཆེན་ཆགས་ཡོད་ཅིང་། དྲོད་ཚད་འཕར་བའི་ཚད་དེ་གོ་ལའི་ཁྱོན་ཡོངས་ཀྱི་ཆ་སྙོམས་ཀྱི་དྲོད་ཚད་འཕར་བའི་ཚད་ལས་ཧ་ལམ་ལྡབ་གཉིས་ཙམ་ཡིན་པར་མ་ཟད། འགྲོ་བ་མིའི་རིགས་ཀྱི་བདེ་ཐང་དང་། སྲིད་པའི་འཁྱགས་རོམ་ཞུ་བ། དཔལ་འབྱོར་གྱི་འདུ་འགོད་བཅས་སྣོད་བཅུད་གཉིས་ཆར་ཉམས་མེད་གྱུར་ཐེབས་མེད་གཤིས་བཏང་སྙོམས་སུ་ལུས་ཚེ་མཇུག་འབྲས་བསམ་ཡུལ་འདས་པ་འབྱུང་རྒྱུའི་ཐད་ལ་ཉེན་བརྡ་བཏང་འདུག།

༢༠༢༣ ལོ་ནི་ཡུ་རོབ་ཀྱི་ལོ་རྒྱུས་ཐོག་དྲོད་ཚད་མཐོ་ཤོས་ཀྱི་ལོ་ཡིན་པ།

འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་བརྗོད་དོན་དུ། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་༢༠༢༣ ལོར་ཡུ་རོབ་ཀྱི་མི་གྲངས་ས་ཡ་མང་པོར་སྔར་རྒྱལ་རབས་ལོ་རྒྱུས་ལས་བྱུང་མྱོང་མེད་པའི་དོ་ཕོག་ཆེན་པོ་ཐེབས་ཤིང་། གང་སར་ཤྭ་འོད་རྒྱུག་པ་དང་ཚ་བའི་རྦ་རླབས་འཕྱུར་བ་རྒྱུན་ལྡན་ལྟར་གྱུར་པས། རྒྱལ་ཁབ་ཁག་གིས་རྒྱུན་ལྡན་མ་ཡིན་པའི་རྒྱུན་ལྡན་གྱི་གནམ་གཤིས་དེར་འཕྲོད་པར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་འདུག། དེ་བཞིན་འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་བཏོན་པའི་གཞི་གྲངས་ལས་གསལ་བ་ལྟར་ན། འདས་པའི་ལོ་ངོ་༢༠ ཐམ་པའི་རིང་ལ། ཡུ་ཡོབ་གླིང་དུ་ཚད་པས་གདུང་བ་དང་འབྲེལ་ནས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་བརྒྱ་ཆ་༣༠ ཐམ་པ་ཡར་འཕར་ཡོད་པ་དང་། ཚོད་དཔག་ལྟར་ན། ཉང་གནོན་རྟོག་ཞིབ་ཀྱིས་ཁྱབ་པའི་ཡུ་ཡོབ་ཀྱི་ས་ཁུལ་བརྒྱ་ཆ་༩༥ ཡི་ནང་ལ་ཚ་དྲོད་འཕར་བའི་གནད་དོན་དང་འབྲེལ་ནས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཡོངས་ཁྱབ་ཐོག་ཡར་འཕར་ཡོད་པ་བསྟན་འདུག།

རྒྱ་མཚོའི་ངོས་ཀྱི་དྲོད་ཚད་ཤུགས་ཆེ་འཕར་བ།

ཡུ་རོབ་ཀྱི་ས་ཁུལ་སོ་སོར་རྒྱ་མཚོའི་ངོས་ཀྱི་དྲོད་ཚད་ཡར་འཕར་བའི་ཚད་ཀྱིས་ཀྱང་། སྐམ་ཐོག་ཏུ་གནས་པའི་མི་རྣམས་ལ་བློ་དོགས་སྐྱེས་སུ་བཅུག་ཅིང་། སྤྱི་ཟླ་༦ པའི་ནང་ཨེ་ཨར་ལཎ་ནུབ་རྒྱུད་ནས་དབྱིན་ཇིའི་ཉེ་འཁོར་གྱི་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་རྒྱ་རྒྱུད་དུ་བསམ་བརྗོད་ལས་འདས་པའི་ཚ་བའི་རྦ་རླབས་ཆེན་པོ་འཕྱུར་འདུག། འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་དེ་དོན་དུ་བརྗོད་གསལ་ལ། ལོ་ཧྲིལ་པོ་གཅིག་གི་རིང་ལ། ཡུ་རོབ་ཁྱོན་ཡོངས་ཀྱི་རྒྱ་མཚོའི་ཆ་སྙོམས་ཀྱི་མཚོ་ངོས་ཀྱི་དྲོད་ཚད་དེ་བཞིན་ལོ་རྒྱུས་ནང་ལ་མཐོ་ཤོས་སུ་སླེབས་ཤིང་། དཀྱིལ་ཐིག་རྒྱ་མཚོ་དང་ནུབ་རྒྱ་མཚོ་ཆེན་མོའི་བྱང་ཤར་ཁུལ་གྱི་རྒྱ་མཚོའི་མངའ་ཁུལ་འགའ་ཤས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་ཁུངས་བཅོལ་ཡོད་པ་ཚུན་ཆད་ལོ་གཅིག་རིང་གི་ཆ་སྙོམས་ཀྱི་དྲོད་ཚད་མཐོ་ཤོས་ཆགས་ཡོད་པ་རེད།

སྙན་ཐོ་དེའི་དམིགས་པ་གཏད་ཡུལ་གཙོ་བོ་དེ་རྒྱུན་གནས་འཕེལ་རྒྱས་གཏོང་ཕྱོགས་དང་། གནམ་གཤིས་འགྱུར་ལྡོག་གི་དོ་ཕོག་ལ་གདོང་ལེན་བྱེད་ཕྱོགས་བཅས་ཡིན་ཞིང་། སྙན་ཐོ་དེ་ལས་ཡུ་རོབ་ཀྱིས་འདས་པའི་ལོ་གཅིག་གི་ནང་གློག་མཁོ་འདོན་གྱི་ཚད་དེ་ལོ་རྒྱུས་ཐོག་ཚད་མཐོ་ཤོས་སུ་སླེབས་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། དེའི་ཁྲོད་ནས་ཡུ་རོབ་བྱང་ཤར་དང་དབུལ་ཁུལ་དུ་ཉི་མའི་ནུས་ཤུགས་ལ་བརྟེན་ནས་གློག་མཁོ་འདོན་བྱས་པའི་ཚད་ནི་ཆ་སྙོམས་ཀྱི་ཚད་ལས་ཉུང་བ་ཡིན་ཡང་། ཡུ་རོབ་ལྷོ་ནུབ་དང་ལྷོ་རྒྱུད་ས་ཁུལ། དེ་བཞིན་ནཱ་ཝེ་ཡ་གླིང་ཕྲན་ཐོག་གི་གློག་མཁོ་འདོན་གྱི་ཚད་དེ་ཆ་སྙོམས་ཀྱི་ཚད་ལས་བརྒལ་ཡོད་པ་འཁོད་འདུག།

ཁ་བ་འབབ་པའི་ཉིན་གྲངས་ཉུང་དུ་ཕྱིན་ཡོད་པ།

འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་བཏོན་པའི་སྙན་ཐོ་དེས་ཀྱང་། མི་རྣམས་ཀྱིས་ཚོད་དཔག་ལ་བདེན་པ་ར་སྤྲོད་ལྟ་བུ་བྱས་ཡོད་པ་ལས། ཡུ་རོབ་ཀྱི་ས་ཁུལ་མང་ཆེ་བར་ཁ་བ་འབབ་པའི་ཉིན་གྲངས་ཆ་སྙོམས་ཀྱི་ཉུང་དུ་ཕྱིན་ཡོད་ཅིང་། ལྷག་པར་དུ་ནམ་ཟླ་དགུན་ཁ་དང་དཔྱིད་ཀའི་དུས་སུ་དབུས་ཡུ་རོབ་ཁུལ་དང་ཨལ་བྷེ་སི་རི་རྒྱུད་དུ་ཁ་བ་འབབ་ཚད་ཉུང་དུ་ཕྱིན་ཡོད་པ་དང་། དེས་ཀྱང་ཨལ་བྷེ་སི་རི་རྒྱུད་ཀྱི་སྲིད་པའི་འཁྱགས་རོམ་ལ་དབྱར་དུས་སུ་ཚ་བའི་རྦ་རླབས་ཀྱི་རྐྱེན་པས་ཞུས་ནས་རྒྱུན་ལྡན་མིན་པའི་གནས་སྟངས་ཆགས་ཐོག། ༢༠༢༢ ལོ་ནས་༢༠༢༣ ལོ་གཅིག་རིང་ལ་སྲིད་པའི་འཁྱགས་རོམ་བརྒྱ་ཆ་བཅུ་ཐམ་པ་ཇེ་ཉུང་དུ་ཕྱིན་ཡོད་པ་འཁོད་འདུག།

བྱང་སྣེར་དོ་ཕོག་ཐེབས་པ།

༢༠༢༣ ལོའི་གཞི་གྲངས་དེས་མི་ཚོས་གོ་ལའི་བྱང་སྣེ་དང་ལྷོ་སྣེའི་གནས་སྟངས་ལ་བློ་འཚབ་ཡོང་བཞིན་པའི་ཐད་ལ་བཟང་ཕྱོགས་ཀྱི་བསམ་བློ་གཏོང་བའི་རྒྱབ་གནོན་བྱས་ཐུབ་མེད་ཅིང་། ༢༠༢༣ ལོ་ནི་བྱང་སྣེའི་གནམ་གཤིས་ཟིན་ཐོ་ཡོད་པ་ཚུན་ཆད་ཚ་ཚད་མཐོ་ཤོས་ཀྱི་ལོ་ཨང་དྲུག་པ་དེ་ཡིན་པ་དང་། བྱང་སྣེའི་སྐམ་ས་ཁག་གི་ཚ་ཚད་མཐོ་ཤོས་ཀྱི་ལོ་ཨང་ལྔ་པ་དེ་ཡིན་པ་འཁོད་འདུག། དེ་དང་ཆབས་ཅིག། འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་བྱང་སྣེའི་སྐམ་སའི་ལོ་རྒྱུས་ནང་གི་དྲོད་ཚད་མཐོ་ཤོས་ཀྱི་ལོ་ལྔ་པོ་དེ་དག་ཚང་མ་༢༠༡༦ ལོའི་རྗེས་སུ་བྱུང་ཡོད་པ་གསལ་སྟོན་བྱས་འདུག།

མེ་སྐྱོན་གྱི་ཉེན་ཁ་མུ་མཐུད་ནས་གནས་ཡོད་པ།

འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་བརྗོད་དོན་ལྟར་ན། ༢༠༢༣ ལོར་བྱང་སྣེ་དང་བྱང་སྣེར་ཉེ་བའི་ས་ཁུལ་ཁག་ཏུ་མེ་སྐྱོན་གྱིས་རྐྱེན་པས་དྲོད་ཚད་ཕྱིར་གཏོང་གི་ཚད་དེ་ལོ་རྒྱུས་ནང་ཚད་མཐོ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། དེའི་ནང་ནས་ཚབས་ཆེ་ཤོས་དེ་སྤྱི་ཟླ་༥ པ་ནས་༩ པའི་བར་ཁ་ན་ཊའི་ནང་བྱུང་ཡོད་པ་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG