ཟླ་ཤར་ལོ་བཅུའི་རྗེས་སུ་བཙོན་གྲོལ་ཐོབ་པ།

ཕ་ཡུལ་རྫ་ཆུའི་ཁ་ནས་ཡིན་ཞིང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་ལོ་བཅུ་ལ་བཙོན་འཇུག་བྱས་པའི་བོད་པ་ཆབ་སྲིད་བཙོན་པ་ཟླ་ཤར་ལགས་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཏེ་རུ་སྡེ་དང་ཡུལ་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་འདུག

དེ་ཡང་ཡོངས་གྲགས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་སྟེ། སྤྱི་ལོ་༢༠༠༨་ལོར་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་ནག་གི་དབང་སྒྱུར་ལ་བོད་པ་ཚོས་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱས་པའི་སྐབས་སུ་ཟླ་ཤར་ལགས་བོད་ཀྱི་རྒྱལ་ས་ལྷ་སར་འཛིན་བཟུང་བྱས་ཤིང་། ཕྱིས་སུ་ཁོང་ལ་རྒྱལ་འཚོང་བ་དང་ཁ་བྲལ་བའི་ཉེས་འཛུགས་ཀྱིས་ལོ་བཅུ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཟླ་འདིིའི་ཚེས་༡༥་ཉིན་ཟླ་ཤར་ལགས་ལྷ་སའི་གྲྭ་བཞི་བཙོན་ཁང་ནས་གློད་གྲོལ་གྱིས་ཉིན་དེར་ཕ་ཡུལ་རྫ་ཆུའི་ཁར་ཉེན་རྟོག་པས་སྐྱེལ་འདུག

ཟླ་ཤར་ལགས་ཀྱི་བུ་མོ་ཉི་སྒྲོན་གྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་ཁོ་མོའི་ཨ་ཕའི་འགྲོ་འདུག་གི་གནས་སྟངས་དང་གཟུགས་གཞིའི་གནས་སྟངས་སོགས་གསལ་བོ་ཞིག་བཤད་ཁག་པོ་འདུག ཕར་བལྟས་ན་པ་ལགས་ཀྱི་ཞལ་རས་སྐྲང་ཡོད་པའི་བཟོ་འདྲ་ཞིག་འདུག ཅེ་དང་། ཡང་སྤྱི་ལོ་༢༠༠༨་ལོར་པ་ལགས་ལྷ་སར་འཛིན་བཟུང་བྱས་པའི་དུས་སུ་སྤོ་བོ་ལགས་ཀྱང་མཉམ་དུ་འཛིན་བཟུང་བྱས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་། སྤོ་བོ་ལགས་༢༠༡༣་ལོར་གློད་གྲོལ་བཏང་བ་རེད། དེ་ནས་ལོ་བཅུའི་རྗེས་སུ་པ་ལགས་གློད་གྲོལ་བྱུང་བ་བཅས་ཕ་མེས་གཉིས་གློད་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་ལ་འབྱོར་དུས་དགའ་ཚོར་ཆེན་པོ་ཡོང་གི་འདུག འདི་ནི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་བོད་པ་ཚོའི་གནས་སྟངས་འུ་ཐུག་པ་འདྲ་བོ་ཞིག་ཀྱང་རེད་ཅེས་ཉི་སྒྲོན་ལགས་ཀྱིས་རང་གི་ཕ་ཟླ་ཤར་ལགས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་ངག་ཐོག་ཏུ་འགྲེལ་བརྗོད་གནང་སོང་།།

Your browser doesn’t support HTML5

ཟླ་ཤར་ལོ་བཅུའི་རྗེས་སུ་བཙོན་གྲོལ་ཐོབ་པ།