ཨ་རིས་འབྲུག་ཡུལ་ལ་བྱིས་པའི་ནད་དུག་སྔོན་འགོག་སྨན་ཁབ་རོགས་རམ། 

༄༅།། གཟའ་མཇུག་དེར་ཨ་མི་རི་ཀའི་གཞུང་གིས་སླར་ཡང་འབྲུག་ཡུལ་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་བྱིས་པ་ལོ་༥་ནས་༡༡་བར་དུ་སོན་པ་ཚོར་མཁོ་བའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ཁྲི་ཚོ་༥་ཞལ་འདེབས་སྤྲད་འདུག ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྨན་ཁབ་བགོ་འགྲེམ་ལྷན་ཁང་བརྒྱུད་ནས་འབྲུག་ཡུལ་ལ་སྨན་ཁབ་དེ་རྣམས་རོགས་རམ་སྤྲད་ཡོད། ཉེ་ཆར་སྤྲད་པའི་རོགས་རམ་དེ་ནི་ལོ་འདིར་ཨ་མི་རི་ཀས་འབྲུག་ཡུལ་ལ་སྨན་ཁབ་རོགས་རམ་སྤྲད་པ་ཐེངས་གཉིས་པ་ཡིན། དེའི་སྔོན་དུ་ཨ་མི་རི་ཀས་འབྲུག་ཡུལ་ལ་བྱིས་པའི་སྨན་ཁབ་རོགས་རམ་སྤྲད་པ་བསྡོམས་ན་༢༠༢༢་ལོ་གཅིག་པུར་ཨ་མི་རི་ཀས་འབྲུག་ཡུལ་ལ་སྨན་ཁབ་༨༣༦༠༠་ཐམ་པ་རོགས་རམ་སྤྲད་ཡོད། ད་ལྟའི་བར་དུ་ཨ་མི་རི་ཀས་ཁྱོན་བསྡོམས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་༦༧༩༥༤༠་སྤྲད་པ་ཡིན་ཞེས་བསྒྲགས།།

ཨ་རིའི་གཞུང་ཚབ་ཁང་གི་གསལ་བསྒྲགས་དེར་འབྲུག་ཡུལ་ལ་སྤྲད་པའི་སྨན་ཁབ་དེ་རྣམས་བདེ་འཇགས་ཡིན་པ་དང་བགོ་འགྲེམ་ཚུལ་བཞིན་བྱུང་སྟེ་མི་དམངས་ཕོན་ཆེན་ཞིག་ལ་འགོག་ཁབ་རྒྱག་ཐུབ་ཡོད་པ་ལྟར་འབྲུག་པའི་འཕྲོད་བསྟེན་ལས་སྣེ་ཚོ་ལའང་སྦྱོང་བརྡར་ཐོབ། འབྲུག་པའི་ཡུལ་སྡེ་ཁག་དང་སྤྱི་དམངས་རྣམས་སྨན་ཁབ་ལ་དོགས་པ་སངས། མི་མང་གིས་སྨན་ཁབ་རྒྱག་རྒྱུའི་མོས་མཐུན་བྱས་ཏེ་ནད་འགོག་གི་ལས་དོན་ལ་ནུས་པ་ཆེན་པོ་ཐོན་ཡོད། དེ་རིང་སྐྱེལ་འདྲེན་བྱས་པའི་བྱིས་པའི་སྨན་ཁབ་དེ་དག་གིས་འབྲུག་པའི་བྱིས་པ་ཚོར་ནད་དུག་འགོ་སྲིད་པ་སྔོན་འགོག་དང་ནད་ཡམས་ཁྱབ་གདལ་འགྲོ་སྲིད་པ་འགོག་ཐུབ་པའི་ཕན་ཐོགས་ཆེན་པོ་འབྱུང་ཤས་ཆེ། ཨ་མི་རི་ཀའི་རྒྱལ་སྤྱིའི་འཛུགས་སྐྲུན་ལྷན་ཁང་དང་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་གཉིས་ཀྱིས་འབྲུག་ཡུལ་ལ་ཟླ་གྲོགས་བསྒྲིགས་ཏེ་ནད་ཡམས་ལ་གདོང་ལེན་དང་འཕྲོད་བསྟེན་ལྟ་སྐྱོང་གི་ནུས་པ་ཇེ་ཆེ། འབྲུག་པའི་འཕྲོད་བསྟེན་ལས་སྣེ་ཚོར་སྦྱོང་བརྡར་སྤྲད་ནས་འབྲུག་གཞུང་དམངས་གཉིས་ཀས་ནད་ཡམས་ལ་སྔོན་འགོག་ལ་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག འབྲུག་ཡུལ་གྱི་ཚོང་ལས་ཆུང་ཁག་དང་ཁེ་ལས་པ་ཚོར་ནད་ཡམས་དུས་སུ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་སུ་ཨ་མི་རི་ཀས་རྒྱབ་སྐྱོར་བྱས་ཡོད་ཅེས་འཁོད་འདུག

ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་ཧིན་རྡུ་སི་ཐན་དུས་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་ཕྱི་ཟླ་༩་པའི་ནང་དུ་འབྲུག་ཡུལ་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་༡༡༤༨༠་སྤྲད། ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཕེ་ཊི་རི་ཤི་ལཱ་སི་ན་ཕྱི་ཟླ་༩་པའི་ཚེས་༢༦་ནས་ཕྱི་ཟླ་༡༠་པའི་ཚེས་༡་བར་དུ་འབྲུག་ཡུལ་ལ་འཚམས་འདྲིར་ཕེབས། ཁོང་གིས་འབྲུག་ཡུལ་གྱི་འཕྲོད་བསྟེན་བློན་ཆེན་བདེ་ཆེན་དབང་མོར་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་མཉམ་འབྲེལ་གྱི་ལས་དོན་སྒྲུབ་ཕྱོགས་ལ་གྲོས་སྡུར། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཁྱབ་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་ཐད་འབྲུག་གཞུང་གིས་གྲ་སྒྲིག་གང་ལེགས་བྱས་པའི་གྲུབ་འབྲས་བཅས་ལ་བསྔགས་བརྗོད་ཞུས་པར་མ་ཟད། འབྲུག་ཡུལ་གྱི་ཞིང་ལས་དང་ཤིང་ནགས་བློན་ཆེན་གཅིག་ལྕོག་ཡེ་ཤེས་དཔལ་འབྱོར་གྱིས་ཀྱང་མཛད་སྒོ་ཚོགས་ནས་ཨ་རིའི་གཞུང་ཚབ་པར་ཐུག་འཕྲད་གྲོས་མོལ་བྱུང་། ཨ་རི་དང་འབྲུག་གཉིས་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་པར་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར།།

ཨ་རིའི་གཞུང་ཚབ་པས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་འབྲུག་གཞུང་གིས་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་ཀྱི་མདུན་དུ་ཐོན་མཁན་ཚོར་སྲུང་སྐྱོབ་ཀྱི་འཆར་གཞི་ཞིབ་ཚགས་པ་བཀོད། ཨ་མི་རི་ཀས་འབྲུག་ཡུལ་ལ་རྒྱབ་སྐྱོར་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་པར་དགའ་ཚོར་ཆེ། ཨ་མི་རི་ཀས་འབྲུག་ཡུལ་ལ་སྨན་ཁབ་དང་དེ་མིན་གྱི་རོགས་སྐྱོར་བྱས་ནས་ལོ་བཅུ་ཕྱིན་པ་རེད་ཅེས་བསྟན། འདས་པའི་ལོ་༢༠་རིང་ཨ་མི་རི་ཀས་འབྲུག་ཡུལ་ལ་ཨ་སྒོར་ས་ཡ་༩་རོགས་རམ་སྤྲད། ཨ་མི་རི་ཀས་གཙོ་ཆེ་བ་འབྲུག་ཡུལ་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས། རང་བྱུང་གོད་ཆགས་ལ་གདོང་ལེན་ཐུབ་པ་དང་ནགས་ཚལ་བདག་སྐྱོང་། འབྲུག་ཡུལ་གྱིས་གློག་གི་ནུས་ཤུགས་འབྱུང་ཁུངས་གཙང་མ་ཞིག་འཚོལ་ཐབས་དང་འཐུང་ཆུའི་དཀའ་ངལ་སེལ་ཐབས། རི་སྐྱེས་སེམས་ཅན་སྣ་འདུས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཐོག་ཏུ་རྒྱབ་སྐྱོར། ཨ་རི་དང་འབྲུག་ཡུལ་གཉིས་མཉམ་འབྲེལ་བྱས་པའི་ཁོངས་ནས་ཕྱོགས་གཉིས་ཀྱི་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་གི་ལས་དོན་ལ་ནུས་པ་ཆེན་པོ་ཐོན་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གཞུང་གིས་འབྲུག་ཡུལ་གཅིག་པུར་མིན་པར་ལོ་འདིའི་ཕྱི་ཟླ་༨་པའི་ནང་དུ་པ་ཀི་སི་ཐན་ལ་མི་མང་རྒན་གཞོན་གཉིས་ཀར་མཁོ་བའི་སྨན་ཁབ་ས་ཡ་༩་རོགས་རམ་སྤྲད། ཨ་མི་རི་ཀས་པ་ཀི་སི་ཐན་ལ་སྨན་ཁབ་ས་ཡ་༧༧་རོགས་རམ་སྤྲོད་རྒྱུའི་ཁས་བླངས། པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལཱ་མ་བྷ་དཱ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཌོ་ནལ་ཌི་བྷ་ལོ་མཱེས་ང་ཚོས་པ་ཀི་སི་ཐན་གྱི་འཕྲོད་བསྟེན་ཆེད་ལས་མཁས་པ་ཚོ་དང་གཞན་དོན་སྒྲུབ་པའི་ལྷག་བསམ་ཅན་ཁག་ཅིག་ལ་མཉམ་འབྲེལ་བྱས་ནས་སྨན་ཁབ་བགོ་འགྲེམ་དང་འཕྲོད་བསྟེན་ལས་སྣེ་ཚོར་སྦྱོང་བརྡར་སྤྲོད་ཐུབ་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། པ་ཀི་སི་ཐན་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་ཐུབ་ཡོད་ཅེས་གསལ་བསྒྲགས་སྤེལ། དེ་བཞིན་ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༡༩་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཨ་མི་རི་ཀས་བལ་ཡུལ་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ས་ཡ་༢་དང་འབུམ་༢་རོགས་རམ་སྤྲད། ད་ལྟའི་བར་དུ་ཨ་མི་རི་ཀས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་དུང་ཕྱུར་༦་དང་བྱེ་བ་༧་ལྷག་རོགས་རམ་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག