རྒྱ་ནག་གི་སྨན་ཁབ་ཁག་གིས་ནད་དུག་གསར་པ་འགོག་ཐུབ་ཀྱི་མེད་པ།

༄༅།། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་༨༠་ལྷག་ལ་ཨོ་མཱི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་གདལ་ཆེས་ཆེར་སོང་སྟེ་མི་ཚོས་ཤུགས་འཕར་སྨན་ཁབ་གསུམ་པ་ཞིག་རྒྱག་དགོས་པར་གྱུར། རྒྱ་ནག་གིས་ཀྱང་རང་གི་མི་དམངས་ལ་སྨན་ཁབ་གསུམ་པ་ཞིག་རྒྱག་འགོ་ཚུགས་ཀྱང་ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་གཞིགས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ཡོངས་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོག་ཐུབ་པའི་ནུས་པ་ཧ་ཅང་ཆུང་ཆུང་རེད་ཅེས་བསྟན། ཧྲང་ཧེ་ཅའོ་ཐུང་སློབ་ཆེན་དང་ཧྲང་ཧེའི་དབུགས་འཚང་འགོས་ནད་ཞིབ་འཇུག་ཁང་གཉིས་ཀྱིས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་གཟའ་སྤེན་པའི་ཉིན་བཏོན། ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་དེར་རྒྱ་ནག་གི་རྒྱལ་ཡོངས་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ཀྱིས་ཕན་ཐོགས་དགའ་རབ་ཅིག་བྱུང་སོང་། རྒྱལ་ཡོངས་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ལ་ད་ལྟའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོག་ཐུབ་པའི་ནུས་པ་ཆུང་ཆུང་རེད་ཅེས་བསྟན། རྒྱ་ནག་གི་རྒྱལ་ཡོངས་སྨན་སྦྱོར་བཟོ་ཚོང་ཁང་གིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་བཅར་འདྲི་སོགས་ལ་ལན་འདེབས་བྱས་མེད་པའི་གནས་ཚུལ་ཐོན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་མི་དམངས་ལ་རྒྱལ་ཡོངས་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་དང་ཁེ་ཤཱིན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་གཉིས་ཡོངས་ཁབ་ཏུ་རྒྱག་གི་ཡོད་པ་རེད།།

ཀྲེ་ཅང་ཞིང་ཆེན་དུ་བརྟག་དཔྱད་བྱེད་བཞིན་པ།

གོང་གི་ཞིབ་འཇུག་སྙན་ཐོ་དེར་འཁོད་པའི་གནས་ཚུལ་དང་ཧོང་ཀོང་ལ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་གདལ། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོར་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་ཀྱི་ཡོད་པ་དང་རྒྱ་ནག་གིས་མི་གྲངས་དུང་ཕྱུར་༡༢་ལ་འགོག་ཁབ་བརྒྱབ་ཟིན་ཟེར་གྱི་ཡོད་པ་བཅས་ལ་བལྟས་ཚེ། རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ནུས་པ་ཆུང་བ་ར་འཕྲོད། ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་རང་གི་མངའ་ཁུལ་དེར་ཏོག་དབྱིབས་ནད་དུག་གཅིག་ཀྱང་ཁྱབ་ཏུ་འཇུག་རྒྱུ་མིན་ཞེས་སྔོན་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད། འོན་ཀྱང་གཟའ་སྤེན་པ་བར་དུ་ཧོང་ཀོང་ས་གནས་སུ་མི་༡༤་ལ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཨོ་མཱི་ཁོ་རོན་འགོས་ཡོད་པ་རྩད་ཆོད། བདུན་ཕྲག་སྔོན་པའི་གཟའ་པ་སངས་ཉིན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༥་བྱུང་སོང་ཞེས་བསྒྲགས་པ་དེའི་ནང་གི་མི་༨༩་ལ་རྒྱ་ནག་ནང་ཁུལ་དུ་ཁྱབ་བཞིན་པའི་ནད་དུག་འགོས་འདུག་ཅེས་གནས་ཚུལ་སྤེལ། འདི་ནི་ཕྱི་ཟླ་༡༡་པའི་ཚེས་༣༠་ནས་བཟུང་སྟེ་རྒྱ་ནག་ལ་བྱུང་མྱོང་མེད་པའི་ནད་པ་གསར་པའི་གྲངས་མང་ཤོས་སུ་གྱུར། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༥་བྱུང་སོང་ཞེས་བསྒྲགས་པ་དེ་དག་གི་གྲས་ཀྱི་མི་ཅི་ཙམ་ལ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གསལ་པོར་མ་བཤད། དགུན་གྱི་དུས་འདིར་རྒྱ་ནག་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་ནས་ཀྲེ་ཅང་ཞིང་ཆེན་གྱི་ས་གནས་ཤིག་གི་བཟོ་གྲྭ་ཁག་སྒོ་བརྒྱབ་ནས་ལས་མཚམས་འཇོག་དགོས་བྱུང་བའི་གནས་ཚུལ་ཐོན། ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ནས་བྱུང་བའི་ཨོ་མཱི་ཁོ་རོན་ཞེས་པའི་ཏོག་དབྱིབས་ནད་དུག་གསར་པ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཁྱབ་ཀྱི་ཡོད་པས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་ཁྱབ་ཏུ་འཇུག་རྒྱུ་མིན་ཟེར་བའི་སྲིད་ཇུས་ལ་གྲུབ་འབྲས་འཐོན་དཀའ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ས་མཚམས་སྒོ་ཕྱེ་པའི་རྗེས་སུ་སྐམ་ས་ཆེན་མོར་ཏོག་དབྱིབས་ནད་དུག་གསར་པ་འདི་ཁྱབ་རྒྱུར་ཐེ་ཚོམ་བྲལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ལོ་ན་༣༦་ལ་སོན་པའི་ཧོང་ཀོང་གི་ཁེ་ཐི་ཕེ་སི་ཧྥིཀ་མཁའ་ལམ་ལས་ཁུངས་ཀྱི་དོ་སྐྱེལ་གནམ་གྲུའི་ཁ་ལོ་བ་ཞིག་ལ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། ཁོ་པ་བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ཨ་མི་རི་ཀ་ནས་ཧོང་ཀོང་ལ་འབྱོར། མི་དེར་ཧོང་ཀོང་གི་གནམ་ཐང་དུ་བརྟག་དཔྱད་བྱས་ཀྱང་ནད་རྟགས་མ་ཐོན་པ་དང་ཁོ་པ་གནམ་གྲུའི་ཁ་ལོ་བ་ཡིན་པའི་སྟབས་ཀྱིས་ཉིན་༢༡་ལ་ཟུར་འགོག་མ་བྱས། གནམ་གྲུའི་ཁ་ལོ་བ་དེ་གཟའ་ཟླ་བ་ནས་གཟའ་ཕུར་བུའི་བར་དུ་ཉིན་གསུམ་ལ་རང་ཁྱིམ་དུ་བསྡད། གཟའ་ལྷག་པའི་ཉིན་ས་ཁུལ་དེའི་རྒྱ་ལམ་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དུ་ཕྱིན་པ་དང་བཟའ་ཆས་ཉོ་རུ་སོང་། ཁོ་པར་བརྟག་དཔྱད་བྱས་པའི་རྗེས་སུ་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཏེ་འཕྲལ་དུ་ཟུར་འགོག་བྱས་པར་མ་ཟད། ཧོང་ཀོང་གི་གནམ་གྲུའི་ཁ་ལོ་བ་དེར་ཕྱི་ཟླ་༣་པའི་༢༢་དང་ཕྱི་ཟླ་༤་པའི་ཚེས་༡༥་གཉིས་སུ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་འདུག ཧོང་ཀོང་གི་འཕྲོད་བསྟེན་ལྷན་ཁང་གིས་གནམ་གྲུའི་ཁ་ལོ་བ་དེ་ཉོ་ཆ་རྒྱག་ཏུ་སོང་བའི་ཚོང་ཁང་དང་ཇ་ཁང་སོགས་ས་གནས་ཁག་༦་གི་གྲོང་མི་ཡོད་དོ་ཅོག་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་ཕབ། ཁ་སྔོན་གཟའ་པ་སངས་ཀྱི་མཚམས་སུ་ཁ་ལོ་བ་དེ་འདུག་སའི་ཁང་ཆེན་དེའི་མི་༡༦༠་ལ་བརྟག་དཔྱད་བྱས་ཀྱང་གཅིག་ལའང་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་མ་ཐོན།།

ཁེ་ཐི་ཕེ་སི་ཧྥིཀ་མཁའ་ལམ་ལས་ཁུངས་ཀྱིས་ཁ་ལོ་བ་དེར་དགོས་ངེས་ཀྱི་དུག་སེལ་ཆ་ཚང་བྱས་པ་ཡིན། མཁའ་ལམ་ལས་ཁུངས་དེའི་ཁ་ལོ་བ་དང་ལས་བྱེད་པ་ཚང་མར་འགོག་ཁབ་བརྒྱབ་ཡོད་ཅེས་བཤད། འོན་ཀྱང་ཉིན་དེར་ཧོང་ཀོང་ལ་ཉི་མ་གསུམ་གྱི་སྔོན་དེར་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བརྒྱུད་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡ་དང་ཡུ་གྷན། རྒྱ་གར་ནས་ཁྱབ་པའི་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་མི་གཉིས་བསླེབས་ཡོད་པ་རྩད་ཆོད། མི་དེ་དག་ནི་ལོ་ན་༤༡་ཅན་ཞིག་དང་ལོ་ན་༢༧་ཅན་ཞིག་ཡིན་ཞིང་། ཁོ་ཚོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡའི་གཞུང་གིས་དབྱིན་ཇིའི་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་གཉིས་བརྒྱབ་ཟིན་ཡོད་ཅིང་། གཟའ་འཁོར་སྔོན་མ་ནས་ཧོང་ཀོང་གཞུང་གིས་ཨ་རི་དང་དབྱིན་ཡུལ་སོགས་ནས་ཡོང་བའི་འགྲུལ་པ་ཚོ་ཟུར་འགོག་ཁང་དུ་འཇོག་དགོས། དེ་ནས་འགྲོ་གྲོན་རང་ངོས་ནས་བཏང་སྟེ་མགྲོན་ཁང་དུ་བདུན་ཕྲག་གཅིག་ལ་ཟུར་འགོག་བྱ་དགོས་ཞེས་སྒྲིག་ཁྲིམས་གསར་པ་ཞིག་གཏན་ལ་ཕབ། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་མི་ཞིག་ཨ་རིའི་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་ནས་ཧོང་ཀོང་ལ་ཡོང་བ་ཤེས་རྟོགས་བྱུང་སྟེ་ཧོང་ཀོང་གཞུང་གིས་ཨ་རི་སོགས་ཀྱི་འགྲུལ་པ་རྣམས་ཟུར་འགོག་བྱ་རྒྱུའི་ཐག་བཅད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཀོང་ཀྲུག་གྲོང་ཁྱེར་དུ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་ཤེས་རྟོགས་བྱུང་། ལོ་ན་༦༧་ལ་སོན་པའི་སྐྱེས་པ་དེ་ཟླ་བ་སྔོན་མར་ཕྱི་རྒྱལ་ལ་ཕྱིན་ནས་རང་ཡུལ་དུ་ལོག་པའི་རྗེས་སུ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན།།

ཧོང་ཀོང་གི་ཏོག་ནད་འགོག་ཁབ་རྒྱག་ས་ཞིག་ཏུ།

རྒྱ་ནག་སྐམ་ས་ཆེན་མོར་ཕྱི་ནས་ཡོང་གི་ཡོད་པའི་འགྲུལ་པ་རྣམས་ཉིན་༡༤་ལ་གཞུང་གིས་གཏན་འབེབས་བྱས་པའི་མགྲོན་ཁང་ཞིག་ཏུ་ཟུར་འགོག་དང་དེ་ནས་རང་ཁྱིམ་དུ་ཉིན་༧་ལ་ཟུར་འགོག་བྱ་དགོས། ནད་པ་དེ་ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་ཕྱི་རྒྱལ་ནས་ཧྲང་ཧེ་གྲོང་ཁྱེར་དུ་འབྱོར། ཁོ་པ་ཟུར་འགོག་བྱས་པའི་རིང་དེར་བརྟག་དཔྱད་ལན་མང་བྱས་ཀྱང་ནད་རྟགས་མ་ཐོན། མཐར་ཁོ་པ་ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་གནམ་གྲུའི་ནང་དུ་བསྡད་ནས་ཀོང་ཀྲུག་ལ་ལོག ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་མི་དེར་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། དེར་བརྟེན་ཀོང་ཀྲུག་གྲོང་ཁྱེར་གཞུང་གིས་མི་དེ་འདུག་སའི་ས་ཁུལ་ཡོངས་ལ་སྒོ་རྒྱ་བསྡམས། ས་ཁུལ་དེའི་གྲོང་མི་ཚོར་ཉི་མ་གསུམ་གྱི་ནང་དུ་བརྟག་དཔྱད་ཐེངས་གཉིས་རེ་བྱས་ནས་སྐྱེས་པ་དེའི་ཁྱིམ་མཚེས་རྒན་མོ་ལོ་ན་༧༠་ཐམ་པར་སོན་པ་ཞིག་ལ་ཨོ་མཱི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༡་ཉིན་རྒྱ་ནག་གི་ལོ་སར་ཁེལ་ཡོད་པས་མི་གྲངས་དུང་ཕྱུར་འགའ་ཞིག་ལོ་གསར་པའི་དགའ་སྟོན་ལ་རང་ཁྱིམ་དུ་ལོག་སྟེ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་གཏོང་ཉེན་ཆེ། དེས་ན་རྒྱ་ནག་གི་ས་གནས་འགོ་ཁྲིད་མང་ཆེ་བས་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམ། དགོས་ངེས་མིན་པའི་གསོལ་སྟོན་རྒྱས་གཤོམ་བྱ་རྒྱུ་སོགས་ལ་གཡོལ་ཐབས་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག དཔེར་ན་རྒྱ་ནག་གི་ཧེ་ནན་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ནན་ཅིང་གྲོང་ཁྱེར་བཅས་ཀྱིས་རང་གི་མངའ་ཁོངས་སུ་ཕྱི་ནས་ཡོང་བའི་འགྲུལ་པ་ཚོ་ཉིན་༡༤་ལ་ཟུར་འགོག་བྱ་དགོས་པ་དང་ཏོག་དབྱིབས་ནད་དུག་འགོས་མེད་པའི་དཔང་ཡིག་སྟོན་དགོས་པའི་སྒྲིག་ཁྲིམས་བཟོས། ད་ལྟའི་ཆར་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་རྣམས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡུལ་གཙོ་བོར་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག