ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཞིག་གིས་རྒྱ་ནག་གླེང་བ།

ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཞིག་གིས་རྒྱ་ནག་གླེང་བ། ཨ་རིའི་ཕོ་བྲང་དཀར་བོའི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་སྟོན་པ་གཞོན་པ་མཱད་ཁྲི་ ཕི་ཁྲིན་ཇིར་ཡིས་ད་ལྟའི་ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་འཛིན་སྐྱོང་གཞུང་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ངན་པའི་ཁ་གཏད་དུ་ཁ་རི་ཁ་ཐུག་དང་འདྲ་མཉམ་གྱི་རྩ་དོན་གཉིས་བཟུང་སྟེ་གདོང་ལེན་བྱེད་བཞིན་པ་ནི་ལག་རྗེས་ཆེས་ཤོས་དེ་ཡིན་ཅེས་ཉེ་ཆར་རེས་གཟའ་པ་སངས་ཉིན་དབྱིན་ཡུལ་གྱི་སྲིད་ཇུས་དང་འབྲེལ་བའི་རིག་མཛོད་ཉམས་ཞིབ་ཁང་ཞིག་ཏུ་བརྙན་ལམ་ནས་གཏམ་བཤད་སྤེལ་འདུག་ཅིང་། ཁོས་སྲིད་འཛིན་ཁྲི་རོམ་ཕུ་འཛིན་སྐྱོང་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁྱད་ཆོས་གཙོ་བོ་རུ་གྱུར་ཡོད་པའི་ཁ་རི་ཁ་ཐུག་དང་སྦ་གསང་མེད་པའི་ལངས་ཕྱོགས་འཛིན་སྟངས་དེ་ནི་ད་ལྟ་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཐུན་མོང་གི་ངོས་འཛིན་བྱེད་སྟངས་ཤིག་ཏུ་གྱུར་ཡོད་ལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་ངོས་ནས་ཀྱང་ཐུན་མོང་གིས་རྒྱ་ནག་ལ་ལངས་ཕྱོགས་འཛིན་སྟངས་ཤིག་ཏུའང་གྱུར་ཅིང་། ཐ་ན་ཡོ་རོབ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་ཤིག་ཏུའང་འགྱུར་བཞིན་ཡོད་ཅེས་དང་།ད་ལྟ་འཛམ་གླིང་སྟེང་དུ་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་སྲིད་ཇུས་དང་མི་དམངས་ལ་ཤུགས་རྐྱེན་སྤྲོད་རྒྱུའི་ནུས་པ་དེ་རྒྱལ་ཁབ་གཞན་གང་ལས་ཀྱང་ཆེ་བ་ཡོད་དེ། ལོ་རྒྱུས་ཀྱི་ངོས་ནས་བལྟས་ཡོང་ཚེ་རྒྱ་ནག་གུང་ཁྲན་ཏང་གིས་སྲིད་དབང་བཟུང་བ་དེ་དམག་དོན་གྱི་ནུས་པ་གཅིག་པོར་བརྟེན་ནས་ཡོང་བ་ཞིག་མ་ཡིན་པར། ཕར་ཕྱོགས་ལ་སིམ་འཛུལ་དང་དཀྲུག་ཤིང་བརྒྱབ་ནས་ནུས་པ་ཆེན་པོ་ཐོན་ཡོད་པ་ལྟར། ད་ལྟ་ཡིན་ནའང་རྒྱ་ནག་དམར་ཕྱོགས་ཚོགས་པའི་མགོ་ཁྲིད་དག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དེ་གལ་ཆེན་པོར་བརྩི་བཞིན་ཡོད་ཅིང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་མངོན་གསལ་དོད་པོ་མེད་པ་དེ་རེད། རྒྱ་ནག་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྡེ་ཚན་ཧ་ཅང་མང་པོ་ཡོད་ཅིང་། ལས་བྱེད་ཀྱི་གྲངས་ཀ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་འབྲེལ་མི་སྣའི་གྲངས་ཀ་ལས་ལྡབ་བཞི་ཡིས་མང་བ་ཡོད་ལ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་དམིགས་ཡུལ་ནི་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་བསྡུ་ལེན་བྱ་རྒྱུ་དང་། རྒྱལ་ཁབ་གཞན་གྱི་མི་དམངས་ལ་ཤུགས་རྐྱེན་སྤྲོད་རྒྱུ་དེ་ཡིན་ཞིང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་དག་གིས་གསང་བའི་གནས་ཚུལ་བསྡུ་སྒྲིག་དང་། དྲིལ་སྒྲོག བསླུ་བྲིད་གྱིས་བློ་འགུག་རྒྱུ་བཅས་ཀྱི་བྱ་ཐབས་དཀྱུས་གཅིག་ཏུ་ལག་བསྟར་བྱེད་ཀྱི་ཡོད་ཅིང་། དེ་ཡང་མི་ས་ཡ་མང་པོའི་གནས་ཚུལ་བསྡུ་ལེན་གྱིས་ཡིག་ཚགས་བཟོས་ཡོད་ཅིང་། དེའི་གྲས་སུ་ང་དང་ཁྱོད་བཅས་པའི་མི་མང་པོ་འདུས་ཡོད་ལ། དེང་རབས་བརྡ་འཕྲིན་ལག་རྩལ་དར་བའི་དུས་སྐབས་འདིར་རྒྱ་ནག་གུང་ཁྲན་ཏང་གིས་དྲ་རྒྱ་བེད་སྤྱོད་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་རྒྱ་ཆེ་རུ་བསྐྱེད་ཡོད་ཅེས་དང་། ཁོས་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་དུ་ཡོད་པའི་ཀྲིན་ཧྭ་བརྡ་འཕྲིན་ལག་རྩལ་སྤྱི་གཉེར་ཁང་མིང་འདོན་བྱས་ཏེ། བརྡ་འཕྲིན་སྤྱི་གཉེར་ཁང་འདིས་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ལས་ཀ་བྱས་ཏེ་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་ས་ཡ་གཉིས་དང་འབུམ་བཞི་ཡི་གནས་ཚུལ་བསྡུ་སྒྲིག་བྱས་ཡོད་ལ། ནུབ་ཕྱོགས་རང་དབང་རྒྱལ་ཁབ་དག་གི་རང་དབང་གི་ཁོར་ཡུག་བེད་སྤྱད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དེ་དག་བྱེད་བཞིན་པ་དང་། དེ་ཡང་ང་ཚོས་ཁོ་ཚོར་ཕར་རང་དབང་གི་མཐུན་རྐྱེན་དེ་སྐྲུན་པས་ང་ཚོའི་ཤེས་རིག་ཐོན་དབང་དང་། སྲིད་གཞུང་གི་ཡིག་ཆ། མི་སྒེར་གྱི་གནས་ཚུལ་བཅས་བརྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཕྱོགས་ཚོགས་པས་ཕྱིའི་རྒྱལ་ཁབ་ཏུ་དྲིལ་སྒྲོག་བྱེད་ཐབས་ཀྱི་བརྗོད་དོན་གཙོ་བོ་གཉིས་ནི། མ་འོངས་བ་དེ་ཁོ་ཚོར་དབང་བས་རྒྱལ་ཁབ་གང་ཡིན་རུང་གང་སྔ་བྱས་ནས་ང་ཚོར་བསྟུན་ན་བཟང་ཅེས་དང་། ཡང་ང་ཚོ་དང་ཁྱེད་ཚོའི་བར་དུ་མི་འདྲ་ས་ཅི་ཡང་མེད་པས། སེམས་ཁྲལ་བྱེད་དོན་མེད་ཅེས་པའི་བརྗོད་དོན་འོག་དྲིལ་སྒྲོག་གིས་རྒྱལ་ཁབ་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ཅིང་། བརྗོད་ཚིག་འདི་གཉིས་ནི་ལོ་རྒྱུས་སྟེང་ལེ་ཉིན་རིང་ལུགས་ལས་འགུལ་གྱི་དྲིལ་སྒྲོག་བྱེད་སྟངས་གཙོ་བོ་དེ་ཡང་རེད། རྒྱ་ནག་ལ་མཚོན་ན་ཁ་རི་ཁ་ཐུག་གིས་གནས་ཚུལ་འགྲེལ་བཤད་བྱས་པ་ཡིན་ན་དེ་ནི་ཟིང་འཁྲུག་སློང་བ་དང་བསྙད་བརྐོ་བར་ངོས་འཛིན་བྱེད་སྲིད་ཅིང་། འདི་ནི་སྒེར་གཅོད་གཞུང་དག་གིས་དམངས་གཙོའི་རྒྱལ་ཁབ་དག་གི་སྨྲ་བརྗོད་འགོག་རྒྱུའི་ཐབས་ལམ་གཙོ་བོ་དེ་རེད། དེ་བས་ཞིན་ཅང་ལྟ་བུར་མཚོན་ན་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཕྲོག་བཞིན་པའི་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ངེས་པར་དུ་ཁ་རི་ཁ་ཐུག་གིས་སྐྱོན་བརྗོད་བྱེད་དགོས་ཤིང་། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་མཁན་གྱི་ཨ་རིའི་དམག་སྡེས་ཀྱང་ཞིན་ཅང་གི་གནད་དོན་དང་འཇིགས་སྐུལ་བའི་བར་དུ་འབྲེལ་བ་ཆེན་པོ་མེད་པའི་གནས་སྟངས་ཡང་ཤེས་དགོས་པ་སོགས་ཀྱི་གཏམ་བཤད་བྱས་འདུག གཞན་ཡང་མིང་བརྗོད་འདོད་མེད་པའི་ཨ་རིའི་མགོ་ཁྲིད་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་དོན་ལ། རྒྱ་ནག་དང་འབྲེལ་བ་བྱེད་དུས། ཁ་གཡོལ་ཚིག་གཡོལ་དང་ཕར་གཡོལ་ཚུལ་གཡོལ་བྱེད་རྒྱུ་མེད་པར་ཁ་རི་ཁ་ཐུག་བྱེད་དགོས་ལ། རྒྱ་ནག་གིས་ང་ཚོས་ནམ་ཡང་དངོས་ཡོད་གནས་ཚུལ་མི་བཤད་རྒྱུའི་རེ་འདོད་བྱེད་ཀྱི་ཡོད་དེ། ཞིན་ཅང་གི་གནད་དོན་ཐད་ང་ཚོས་ཅི་ཡང་མ་བཤད་ན་བསམ་ཡོད་ཅིང་། དེ་བཞིན་ང་ཚོས་ཚན་རྩལ་གྱི་ཤེས་རིག་ཐོན་དབང་བརྐུ་འཁྱེར་བྱས་ནའང་ཅི་ཡང་མ་བཤད་ན་བསམ་ཡོད་མོད། དེ་ལྟར་བྱས་ན་མི་འགྲིག་པར་ང་ཚོས་སྐྱོན་ལ་མཛུབ་མོ་བཙུགས་ནས་ཁ་རི་ཁ་ཐུག་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་འདུག