བོད་དོན་ཞུ་ཡིག

ད་ལྟ་བོད་ཀྱི་གནས་སྟངས་དེ་ཉིད་ཛ་དྲག་ཅན་ཞིག་ལ་གྱུར་པའི་སྐབས་འདིར་ཕྱི་ལོགས་ཀྱི་རང་དབང་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོས་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཅིང་། ལས་འགུལ་དེ་དག་གི་གྲས་ཀྱི་གཅིག་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བོད་དོན་ཐུགས་སྣང་གནང་རོགས་ཞེས་ཞུ་ཡིག་འབུལ་རྒྱུ་དེ་ཡིན་པ་དང་། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བོད་པ་གཞོན་སྐྱེས་ངག་དབང་བཀྲ་ཤིས་ཀྱིས་ཉེ་ཆར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞུ་ཡིག་ཕུལ་པ་དང་། དེ་བཞིན་འཇར་མན་ཎིའི་གྲོས་ཚོགས་འཐུས་མིས་སྲིད་བློན་ཨན་ཀེ་ལ་མར་ཀེལ་ལ་ཞུ་ཡིག་ཕུལ་ཡོད་པའི་སྐོར་བགྲོ་གླེང་བྱས་ཡོད་ཅིང་། ང་ཚོའི་ལས་རིམ་འདིར་གསན་མཁན་རྣམ་པ་ཚོས་ཐད་ཀར་ཁ་པར་བརྒྱུད་ནས་མཉམ་ཞུགས་བྱེད་ཐུབ་པའི་ཆ་རྐྱེན་འཛོམས་པ་ལྟར་ད་རེས་ཀྱི་ལས་རིམ་ནང་དུ་ནིའུ་ཡོག་ནས་ཚེ་རིང་དཔལ་ལྡན་གྱིས་ཁ་པར་བརྒྱུད་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོར་ཐད་ཀར་ཞུ་ཡིག་འབུལ་བཞིན་པའི་ལས་འགུལ་སྐོར་ཡང་འགྲེལ་བཤད་གནང་ཡོད་པ་རེད།།