རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དོན་འཁྱོལ་དཀའ་བ།

ཧོང་ཀོང་གི་སྲིད་སྐྱོང་གསར་པ་ལེང་ཀྲེན་དབྱིང་གི་ལས་ཁུར་དམ་བཅའ་འཇོག་པའི་མཛད་སྒོ་དེར་བོད་དོན་རྒྱབ་སྐྱོར་པ་དང་དམངས་གཙོ་དོན་གཉེར་པ། ལྷག་པར་དུ་ཧོང་ཀོང་གི་འབྱོར་ལྡན་པ་ཚོ་མ་ཚུད་པའི་སྤྱི་ཚོགས་ཀྱི་གྲལ་རིམ་ཚང་མའི་མི་མང་འབུམ་ཕྲག་བཞི་ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་། ཧོང་ཀོང་གི་སྲིད་སྐྱོང་གསར་པ་ལེང་ཀྲེན་དབྱིང་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བསྟར་རྒྱུ་དང་། ཧོང་ཀོང་གི་ནང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་མི་བྱེད་པའི་ཁས་ལེན་བྱས་པ་རྣམས་དོན་འཁྱོལ་ཡོང་གི་མི་འདུག་ཅེས་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་འགོ་ཁྲིད་ཏིང་ཤའོ་ཕིང་གི་བློ་ཡུལ་དུ་འཆར་ཐུབ་མེད་པའི་ངོ་རྒོལ་ཞིག་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་བྱུང་ཡོད་པ་རེད།