རྒྱ་གར་གྱི་འོས་བསྡུ་དང་བཙན་བྱོལ་བོད་མི།

Your browser doesn’t support HTML5

རྒྱ་གར་གྱི་འོས་བསྡུ་དང་བཙན་བྱོལ་བོད་མི།

རྒྱ་གར་ནི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། ད་ལམ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེ་མོ་བྱས་པ་དེའི་ནང་མི་མང་ས་ཡ་ ༨༡༤ དེབ་བསྐྱེལ་བྱས་ཡོད་པ་མ་ཟད། དངོས་སུ་འོས་ཤོག་འཕེན་མཁན་གྱི་བརྒྱ་ཆ ༦༨ བྱུང་ཡོད་པ་དེ་ནི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཚད་མཐོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་གཞུང་འཛིན་ཀོང་རེས་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ནས་བྷར་ཏྱི་ཇན་ཏ་པར་ཀྲི་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་ནའང་། སྲིད་དོན་ཚོགས་པ་གཅིག་གིས་གཞུང་འཛིན་བྱེད་ཐུབ་པའི་གྲོས་ཚོགས་འཐུས་མིའི་གྲངས་ཚད་ལོན་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེ་རིང་གི་ཀུན་གླེང་ལས་རིམ་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་དང་དིལླི་གསར་པ་ནས་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་འགན་འཛིན་དགེ་ལེགས་རྣམ་རྒྱལ་ལགས་གཉིས་མགྲོན་འབོད་ཀྱིས་རྒྱ་གར་གྱི་འོས་བསྡུ་ཆེ་མོར་དཔྱད་ཞིབ་དང་། གཞུང་འཛིན་ལ་འགྱུར་བ་བྱུང་ན་དེས་བོད་དོན་ལ་ཁྱད་པར་ཡོང་གི་ཡོད་མེད། དེ་བཞིན་ད་ལམ་གྱི་འོས་བསྡུའི་ནང་བོད་མི་བཙན་བྱོལ་བ་ཚོས་དངོས་སུ་ཆ་ཤས་ལེན་མཁན་མང་དུ་སོང་བ་་དེས་གང་མཚོན་གྱི་ཡོད་པ་བཅས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།