Your browser doesn’t support HTML5
ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དུ་ཤིང་སྡོང་བཙུགས་པ།
༄༅།། སྔ་ལོ་རྒྱ་ནག་གཞུང་གིས་བོད་ཀྱི་དཔལ་ཡུལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཆོས་སྒར་གྱི་བཙུན་མའི་སྡོད་ཤག་མང་པོ་ཞིག་བཙན་གྱིས་སྡེབ་བཤིག་བྱས་ནས་ས་སྟོང་དུ་བསྒྱུར་ཡོད་ཅིང་། ད་ལྟ་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དེར་ཤིང་ནགས་འདེབས་འཛུགས་བྱེད་ཀྱི་འདུག་ཅེས་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་བྱུང་། ཁོང་གིས་ཡ་ཆེན་སྒར་དུ་རྒྱལ་ཁབ་ཀྱི་བཀོད་ཁྱབ་ལྟར་ལས་མི་༡༠༠༠་ཙམ་ཆེད་གཏོང་བྱས་ཏེ་ལོ་སྔོན་མར་ཆོས་སྒར་དེའི་བཙུན་མའི་སྡོད་ཤག་མང་པོ་ཞིག་གཏོར་བཤིག་བཏང་ཟིན་པ་དེའི་ཤུལ་དང་དགོན་པའི་སྲང་ལམ་གཡས་གཡོན། དེ་བཞིན་ཆོས་སྒར་གྱི་མཐའ་དེར་ཆགས་པའི་ཟངས་མདོག་དཔལ་རིའི་མཐའ་འཁོར་བཅས་སུ་ཤིང་སྡོང་བཙུགས་ནས་ནགས་ཚལ་དུ་སྒྱུར་གྱི་འདུག ཤིང་སྡོང་བཏབ་ཟིན་པའི་ས་ཆ་ཚང་མ་རྒྱལ་ཁབ་ཀྱི་བདག་དབང་འོག་ཏུ་ཡོད་དགོས་པ་ལས་དགོན་པར་དབང་བ་ཞིག་ཡིན་ཚོད་མི་འདུག མ་འོངས་པར་ཆོས་སྒར་གྱི་འཛུགས་སྐྲུན་ལས་གཞི་ཁག་རྒྱ་སྐྱེད་ཅི་ཡང་བྱ་མི་ཐུབ་པ་ཞིག་ཏུ་གྱུར་འདུག ད་ལོ་ལས་གཞི་མང་པོ་ཞིག་གཉེར་རྩིས་ཡོད་པ་ཞིག་གླེང་གི་ཡོད་ཀྱང་གནས་སྐབས་རིང་ཤིང་སྡོང་འདེབས་འཛུགས་ཀྱི་ལས་གཞི་གཅིག་པུ་མགོ་བརྩམས་འདུག་ཅེས་བརྗོད་སོང་།།
Yarchen Gar satellite images