བྷིན་ལ་ཌན་གྱི་ཉིན་དེབ།

བྷིན་ལ་ཌན་གྱི་ཉིན་དེབ།

འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཡས་མས་ཤིག་ལ་ཨ་མི་རི་ཀའི་གསང་ལས་ཁང་ཁག་དང་། ཉམས་ཞིབ་པ་ཚོས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ། ཨོ་ས་མ་བྷིན་ལ་ཌན་ཁང་པའི་ནང་དུ་འདུག་ཐུབ་ཀྱི་མེད་པ་སྟེ། ཁོ་པ་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་གྱི་མཐའ་མཚམས་ས་གནས་ཁག་གི་རྫ་རི་བྲག་རི་དང་གད་ཁུང་། བྲག་ཕུགས་བཅས་སུ་སྐུང་ནས་བསྡད་ཡོད་པ་དང་། ཨོ་ས་མ་བྷིན་ལ་ཌན་གྱིས་རང་གི་རྗེས་འབྲང་བ་ཚོར་འབྲེལ་བ་དང་བཀོད་འདོམས། ཁོ་པས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བཅས་ལ་ཇུས་ཤོམ་གཏནས་ནས་བྱེད་ཐུབ་ཀྱི་མེད་པ་དང་། ཨོ་ས་མ་བྷིན་ལ་ཌན་འཇིགས་སྐུལ་རིང་ལུགས་པ་རྣམས་ཀྱི་སེམས་པའི་མཚོན་བྱེད་ཙམ་ཡིན་པའི་ཚོད་དཔག་དང་ཡིད་ཆེས་བྱས་ཡོད་པ་རེད། ཡིན་ནའང་ཉེ་ཆར་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་ཨོ་ས་མ་བྷིན་ལ་ཌན་གྱི་ཁང་པའི་ནང་དུ་རྙེད་པའི་ཉིན་དེབ་ནང་དུ་འཁོད་ཡོད་པའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱས་པ་ལྟར་ན། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་ཨོ་ས་མ་བྷིན་ལ་ཌན་རང་གི་རྗེས་འབྲང་བ་ཚོར་འབྲེལ་བ་དང་། ཁོ་པས་ཨལ་ཁེ་དྷ་སྒྲིག་འཛུགས་ལ་བཀོད་འདོམས་བྱས་ཡོད་པ་མ་ཟད། ཨོ་ས་མ་བྷིན་ལ་ཌན་གྱིས་ཨ་མི་རི་ཀར་གཏོར་རྒོལ་ཇི་ལྟར་བྱེད་དགོས་མིན་གྱི་ཚིག་ཐོ་ཡང་བཀོད་ཡོད་པ་དང་། དཔེར་ན་ཁོ་པའི་ཉིན་དེབ་ཀྱི་ཚིག་ཐོ་ཞིག་གི་ནང་དུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་རམ། ཡང་ན་རྒྱལ་ས་ཝ་ཤིང་ཊོན་གཅིག་པུར་གཏོར་རྒོལ་བྱེད་ཐུབ་མིན་བསམ་བློ་མི་གཏོང་བ་དང་། ཁོང་ཚོས་ཨ་མི་རི་ཀའི་ལོ་སི་ཨན་ཇི་ལི་གྲོང་ཁྱེར་དང་དེ་མིན་གྱི་གྲོང་ཁྱེར་ཆུང་ཁག་ལའང་གཏོར་རྒོལ་བྱེད་དགོས་པ་དང་། ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཐབ་མོ་བ་ཚོས་འགྲུལ་སྐྱེལ་གནམ་གྲུ་བཙན་འཕྲོག་བྱས་ནས་གཏོར་རྒོལ་བྱེད་རྒྱུའི་འབད་བརྩོན་ཁོ་ན་མི་བྱེད་པར་འགྲུལ་སྐྱེལ་མེ་འཁོར་ཡང་གཏོར་རྒོལ་གྱི་དམིགས་འབེན་ལ་འཛིན་དགོས་པ་དང་། རྩ་བའི་ཕྱི་ལོ་༢༠༠༡་གི་རྗེས་སུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་རིམ་པ་ཞིག་བྱས་ཀྱང་། ད་ལྟ་སླར་ཡང་ཨ་མི་རི་ཀར་༩་བའི་༡༡་གི་གཏོར་རྒོལ་དེ་འདྲ་ཞིག་གམ། ཡང་ན་དེ་ལས་ལྷག་པའི་གཏོར་རྒོལ་ཚབས་ཆེན་ཞིག་བྱས་ནས་ཨ་མི་རི་ཀ་བ་སྟོང་ཕྲག་མང་པོ་སྡེབ་གསོད་བྱེད་མ་ཐུབ་ཚེ། ཨ་རབ་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་པ་དང་། ཕྱི་ཟླ་༧་ཚེས་༤་སྟེ། ཨ་མི་རི་ཀའི་རང་བཙན་དུས་ཆེན་དང་། ཡང་ན་༩་བའི་༡༡་གི་དོན་རྐྱེན་བྱུང་ནས་ལོ་༡༠་འཁོར་པའི་དུས་དྲན་གང་རུང་ལ་ཨ་མི་རི་ཀར་གཏོར་རྒོལ་ཚབས་ཆེན་ཞིག་བྱེད་ཐུབ་པའི་གྲ་སྒྲིག་བྱེད་དགོས་ཞེས་བྲིས་ཡོད་པ་རེད།