ཨོ་གླིང་བ་ཞིག་རྒྱ་ནག་གི་གསང་ཉུལ་ལ་འབྲེལ་བ་བྱུང་བའི་ནག་ཉེས་འཛུགས། 

Bernard Collaery, lawyer for Alexander Csergo, speaks to media outside the Downing Centre Local Court in Sydney, Monday, April 17, 2023.

༄༅།། རྒྱ་ནག་གི་གསང་མྱུར་ཡིན་པར་དོགས་པ་ཡོད་པའི་མི་གཉིས་ཀྱིས་ཨོ་གླིང་གི་ཚོང་པ་ཞིག་ལ་དངུལ་སྒོར་སྤྲད། ཁོ་པར་དབྱིན་ཇི་དང་ཨ་རི། ཨོ་གླིང་གསུམ་ནས་རྡུལ་ཕྲན་གྱི་ནུས་ཤུགས་ཀྱི་མཚོ་འོག་དམག་གྲུ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྡུ་རུབ་བྱས་ནས་རྒྱ་ནག་ལ་སྤྲདོ་དུ་བཅུག་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་བ་ཨ་ལིཀ་ཛན་ཌར་སར་གྷོ་ལ་ཕྱིའི་རྒྱལ་ཁབ་དང་ཁ་མཐུན་དང་གསང་ཉུལ་ལ་རྒྱབ་སྐྱོར། ཁེན་དང་ཨེལ་ཝེན་ཞེས་རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་པ་ཡོད་པའི་མི་གཉིས་ཀྱི་ལག་ནས་དངུལ་སྒོར་བླངས། ཁོ་པས་ཨོ་གླིང་གི་རྒྱལ་སྲུང་དང་དཔལ་འབྱོར། རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་ཚུལ་རྣམས་ལག་བྲིས་བརྒྱབ་སྟེ་མི་དེ་དག་ལ་མཁོ་སྤྲོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད་ཅེས་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་འཁོད། ཨ་ལིཀ་ཛན་ཌར་སར་གྷོ་ལ་དངུལ་སྒོར་གཏའ་མར་བཞག་སྟེ་གློད་གྲོལ་གཏོང་རྒྱུའི་ཆོག་མཆན་མ་སྤྲད། ཁོ་པ་ལོ་༡༥་ཡས་མས་ཤིག་ལ་བཙོན་འཇུག་བྱེད་སྲིད་པའི་གནས་ཚུལ་ཐོན།།

༢༠༢༡་ལོར་ཨོ་གླིང་བ་ཨ་ལིཀ་ཛན་ཌར་སར་གྷོས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་འཕྲུལ་རིག་གི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ཚོང་ལས་གཉེར། ལོ་དེའི་ཕྱི་ཟླ་༩་པའི་ནང་དུ་ཨ་དབྱིན་ཨོ་གསུམ་གྱིས་ཨོ་གླིང་གི་མཚོ་དམག་ལ་མཁོ་བའི་རྡུལ་ཕྲན་ནུས་ཤུགས་ཀྱི་མཚོ་འོག་དམག་གྲུ་བཟོ་རྒྱུའི་གསལ་བསྒྲགས་སྤེལ། རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་གཞི་ཅན་གྱི་མི་དེ་ཚོས་ཨོ་གླིང་དང་རྒྱ་གར། ཉི་ཧོང་དང་ཨ་རི་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེའི་ངོ་བོ་དང་དགོས་པ། བཞི་འབྲེལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་བཀོད་སྒྲིག་ཅི་ཡིན་སོགས་ཞིབ་ཕྲ་མཁོ་སྤྲོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་ལིཀ་ཛན་ཌར་སར་གྷོ་རང་ཁྱིམ་དུ་འཛིན་བཟུང་སྟེ་ཉིན་ཤས་རིང་ཨོ་གློང་གི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་སྐད་ཆ་དྲིས། ཁོ་པས་ཁེན་དང་ཨེལ་ཝེན་གཉིས་ནི་རྒྱ་ནག་གི་གསང་ཉུལ་རེད། ཡིན་ནའང་ངས་ཁོ་ཚོར་ལོ་༢་ལ་འབྲེལ་བ་བཟུང་བ་ཡིན། མི་དེ་དང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་བྱེད་པ་ཡིན་ས་རེད་ཅེས་ཁས་བླངས།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨོ་གླིང་གི་ཁྲིམས་སྦྱོར་བ་མེཀ་ཁ་རེ་ཐེས་མི་བསམ་ཡོད་ཅིག་ཡིན་ན་རྒྱ་ནག་གི་གསང་ཉུལ་ཚོས་འབྲེལ་བ་བྱེད་ཀྱི་འདུག་ཅེས་འཕྲལ་དུ་ཨོ་གླིང་གཞུང་ལ་སྙན་སེང་ཞུ་ངེས་རེད། སར་གྷོས་ཨོ་གླིང་གཞུང་ལ་སྙན་སེང་ཞུ་རྒྱུའི་ཚབ་ཏུ་མུ་མཐུད་ནས་རྒྱ་ནག་གི་གསང་ཉུལ་ཡིན་སྲིད་པའི་སྐྱེས་པ་དེར་འབྲེལ་བ་བཟུང་སྟེ་ཨོ་གླིང་དུ་མགྲོན་འབོད་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཁྲིམས་རྩོད་པས་སར་གྷོ་ནི་ཚོང་པ་ཉམས་མྱོང་ཅན་དང་འཇོན་པོ་ཞིག་རེད། ཁོ་པས་ཀུན་སློང་ངན་པ་དང་ཁྲིམས་འགལ་ཅི་ཡང་བྱས་མི་འདུག རྒྱ་ནག་ལ་ཚོང་འབྲེལ་བཙུགས་པར་ཀུན་གྱི་བསྔགས་བརྗོད་ཐོབ། ངས་དཀར་འདོན་བྱ་ཡུལ་ཚོང་པ་འདི་ལྟ་བུས་རྒྱལ་ཁབ་ཀྱི་གསང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཅི་ཡིན་ལེགས་པར་ཤེས་ཀྱི་རེད། ཁོ་པར་དངུལ་སྒོར་སྤྲད་པ་ནི་ཇུས་སྟོན་གྱི་གླ་ཕོགས་ཡིན་པ་དང་དངུལ་སྒོར་དེ་རྒྱ་ནག་ནས་ཡོང་བ་ཡིན་པས་ཨོ་གླིང་གི་སྤྱི་ཚོགས་སུ་དེ་ལ་ལྟ་ཚུལ་མ་འདྲ་བ་ཞིག་བཟུང་འདུག་ཅེས་རྩད་པ་འཕངས།།

ཁྲིམས་དཔོན་མེ་ཁལ་བར་ཀོས་ཉན་ཞིབ་སྐབས་སུ་སར་གྷོ་ནི་འཛམ་གླིང་གི་ཚོང་པ་གྲགས་ཅན་གྲས་དང་ཤེས་ཡོན་སློབ་སྦྱོང་ཚད་མཐོ། མི་རྣམ་དཔྱོད་ལྡན་པ་ཞིག་ཡིན་པས་ནག་ཉེས་མེད་པར་ངོས་འཛིན་བྱེད་ཆོག་པའི་ཐོབ་ཐང་ཡོད་མོད། འོན་ཀྱང་ཁྲིམས་སྦྱོར་བས་ཁུངས་སྐྱེལ་གྱི་ཡིག་ཆ་དང་སར་གྷོ་རང་གིས་ནག་ཉེས་ངོས་ལེན་ཞུས་པའི་དཔང་རྟགས་སོགས་ཁུངས་བཙན་བསྟན་སོང་ཞེས་བསྒྲགས། སར་གྷོས་ཨོ་གླིང་གི་གསང་བའི་ལས་ཁུངས་ལ་ང་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་ཁེན་དང་ཨེལ་ཝེན་གཉིས་ལ་ཐུག་པ་ཡིན། ཟ་ཁང་ནང་དུ་མི་གཅིག་ཀྱང་མེད་པར་སྟོང་པ་རེད། ངས་བལྟས་ན་ང་ཚོའི་ཐུག་འཕྲད་ཆེད་དུ་ཟ་ཁང་ནང་ལ་མི་ཡོང་དུ་མ་བཅུག་པ་འདྲ། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་ཁེན་དང་ཨེལ་ཝེན་གཉིས་ང་ལ་ཐུག་འཕྲད་བྱེད་མཁན་བཀོད་སྒྲིག་བྱས་པར་སྣང་། ཁོ་ཚོས་རྒྱ་ནག་ནང་ཁུལ་དུ་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད་པ་ངས་མི་ཤེས། ཨོ་གླིང་གི་མི་ཞིག་ལ་སྐད་ཆ་དེ་བཤད་ན་ཁེན་དང་ཨེལ་ཝེན་གཉིས་གསང་ཉུལ་རེད་ཟེར་རྒྱུ་ཉག་གཅིག་རེད་ཅེས་ཁས་ལེན་བྱས་འདུག

ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཨོ་གླིང་གི་ཕྱི་སྲིད་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་གི་ནང་སྲིད་བློན་ཆེན་ཨོ་ནེལ་གྱིས་རྒྱལ་ཡོངས་སློབ་ཆེན་ལ་གཏམ་བཤད་བྱས་པའི་སྐབས་སུ་རྒྱ་ནག་གཙོས་ཕྱིའི་རྒྱལ་ཁབ་ཁག་གིས་ཨོ་གླིང་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པ་བརྗོད་ཐབས་མེད་ཅིང་། ཕྱིའི་རྒྱལ་ཁབ་ཁག་གིས་བཀོད་ཇུས་ལྟར་བཙན་སྐུལ་དང་ལྐོག་རྔན་སྤྲོད་པ། མགོ་སྐོར་བཏང་ནས་ཨོ་གླིང་ལ་ཐེ་ཇུས་བྱེད་དུ་འཇུག་གི་འདུག ཕྱི་ལོགས་ཀྱི་ཐེ་ཇུས་ཁག་གིས་སྐྱེ་བོ་སྒེར་པ་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་མ་ཟད། ཨོ་གླིང་གི་དམངས་གཙོའི་ལམ་ལུགས་ལའང་གནོད་སྐྱོན་འཕོག་གི་འདུག རྒྱ་ནག་གིས་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཨོ་གླིང་གི་སྤྱི་ཚོགས་དང་ཆབ་སྲིད་སོགས་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་གཅིག་པུ་མིན་ཞིང་། ཉེ་བའི་ལོ་ཤས་ཤིག་ནས་པེ་ཅིང་གི་དབང་འཛིན་པ་ཚོས་འཛམ་གླིང་ཡོངས་ལ་ཐེ་ཇུས་བྱེད་ཀྱི་འདུག མའོ་ཙེ་ཏུང་གི་དུས་སུ་རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡར་ཤུགས་རྐྱེན་ཐེབས་ཐབས་སུ་འབད། ད་ལྟ་རྒྱ་ནག་གིས་འཛམ་གླིང་ཧྲིལ་པོར་ཐེ་ཇུས་བྱེད་ཀྱི་འདུག་ཅེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༡༧་ཉིན་ཁེ་ན་ཌའི་གཏམ་གླེང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༨་ལོར་ཨོ་གླིང་གཞུང་གིས་ཕྱིའི་ཐེ་ཇུས་འགོག་ཐབས་ཀྱི་བཅའ་ཁྲིམས་གཏན་ལ་ཕབ། རྒྱ་ནག་གིས་ཨོ་གླིང་དང་ཁེ་ན་ཌ་གཉིས་ལ་ཐེ་ཇུས་བྱེད་སྟངས་དང་དམིགས་འབེན་དུ་འཛིན་སྟངས་མ་འདྲ་བ་ཞིག་ཡིན་རུང་ཨོ་གླིང་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་དང་དེ་ལ་གདོང་ལེན་བྱེད་ཕྱོགས་སུ་ཁེ་ན་ཌའི་གཞུང་གིས་མིག་དཔེ་བལྟས་ནས་ཉམས་མྱོང་ལེན་རྒྱུ་མང་པོ་འདུག་ཅེས་གསར་འགྱུར་སྤེལ། ༢༠༢༣་ལོ་འདིར་སྲིད་བློན་ཊུ་རུ་ཌོའི་གཞུངགིས་ཁ་སྒོར་ས་ཡ་༡༣་དང་ཕྱེད་ཀ་འགྲོ་གྲོན་བཏང་ནས་ཕྱིའི་ཐེ་ཇུས་འགོག་ཐབས་བྱ་རྒྱུའི་ཐག་བཅད། དེང་སྐབས་ཁེ་ན་ཌའི་གཞུང་ལའང་རྒྱ་ནག་སོགས་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་རྒྱུ་འགོ་ཚུགས། རྒྱ་ནག་གིས་རང་གི་སྲིད་དབང་སྒེར་གཅོད་དང་བཙན་དབང་ལམ་ལུགས་དེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་བར་དམངས་གཙོའི་རྒྱལ་ཁབ་ཁག་གི་འོས་འདེམས་དང་ནང་སྲིད་བཅས་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག