སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་འགོག་རྒྱུའི་ཉེན་བརྡ།

Your browser doesn’t support HTML5

སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་འགོག་རྒྱུའི་ཉེན་བརྡ།


༄༅།། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཀ་ཤི་མིར་གྱི་པུལ་ཝ་མ་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་རང་སྲོག་བློས་གཏོང་གིས་གཏོར་རྒོལ་བྱས་ནས་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༠་ལྷག་ལ་སྲོག་སྐྱོན་ཕོག པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་ཀྱང་རྒྱ་གར་གཞུང་གིས་པ་ཀི་སི་ཐན་པུལ་ཝ་མ་ས་ཁུལ་གྱི་གཏོར་རྒོལ་ལ་འབྲེལ་བ་འདུག་ཅེས་ནག་ཉེས་བཙུགས། དེར་བརྟེན་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་དམིགས་བསལ་ཁྲལ་ཆག་ཚོང་ལས་ཀྱི་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་དང་པ་ཀི་སི་ཐན་གྱིས་རྒྱ་གར་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༠༠་སྤར། ད་ལྟ་རྒྱ་གར་གཞུང་གིས་ལ་དྭགས་བརྒྱུད་ནས་པ་ཀི་སི་ཐན་ལ་བཞུར་གྱི་ཡོད་པའི་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་འགོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་སྟེ། ཁ་སང་ཕྱི་ཚེས་༢༡་ཉིན་རྒྱ་གར་གྱི་སྐྱེལ་འདྲེན་བློན་ཆེན་གྷ་ཌི་ཀ་རིས་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་ཆུའི་ཐོན་ཁུངས་མཉམ་སྤྱོད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོས་སེངྒེ་ཁ་འབབ་ཤར་ཕྱོགས་སུ་ཁ་སྒྱུར་བྱས་ནས་འཇའ་མུ་དང་ཀ་ཤི་མིར། པན་ཇབ་མངའ་སྡེ་བཅས་ཀྱི་རྒྱ་གར་མི་དམངས་ལ་འདྲེན་གཏོང་བྱ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་སྤེལ་འདུག

རྒྱ་གར་གཞུང་གིས་རྟག་ཏུ་པ་ཀི་སི་ཐན་ལ་ཆུ་རྒྱུན་འགོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་མྱོང་ཡོད་ཀྱང་ཐེངས་འདིར་རྒྱ་གར་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པ་དང་པ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་དེར་རྒྱབ་སྐྱོར་བྱེད་ཀྱིན་འདུག རྒྱ་གར་གཞུང་གིས་ངེས་པར་དུ་པ་ཀི་སི་ཐན་ལ་རྒོལ་ལན་ནན་པོ་སློག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ད་ལོ་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་ཀྱི་དུས་ཚོད་ཁེལ་གྱི་ཡོད་པས་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་དང་ཕྱོགས་འགལ་ཚོགས་པ་ཀོང་རེ་སི་གཉིས་ཀས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་དེ་ཉིད་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ལ་བསྒྱུར་ཡོད་པ་སྟེ། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གིས་པ་ཀི་སི་ཐན་གྱི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པ་ནི་རྩ་དོན་ཞིག་ལ་སྒྱུར་འདུག གལ་སྲིད་རྒྱ་གར་གཞུང་གིས་དངོས་སུ་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་པ་ཀི་སི་ཐན་ཕྱོགས་སུ་བཞུར་གྱི་ཡོད་པ་བཀག་ཚེ། སེངྒེ་ཁ་འབབ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་རྒྱ་གར་བ་དང་པ་ཀི་སི་ཐན་བ་ས་ཡ་མང་པོར་འཚོ་བའི་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན། ད་སྔ་རྒྱ་གར་གཞུང་གིས་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་ནམ་འགོག་རྒྱུ་ཡིན་མིན་དང་སེངྒེ་ཁ་འབབ་ཀྱི་ཆུའི་མང་ཉུང་ཅི་ཙམ་རྒྱ་གར་ཕྱོགས་སུ་ཁ་སྒྱུར་བྱ་རྒྱུ་ཡིན་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་འགོག་མི་ཆོག་པ་དང་གཙང་པོ་དེའི་ཆུའི་ཐོན་ཁུངས་མཉམ་སྤྱོད་བྱ་དགོས་པའི་ཆིངས་ཡིག་བཞག་ཀྱང་སེངྒེ་ཁ་འབབ་ཀྱི་ཆུའི་ཐོན་ཁུངས་མང་ཆེ་བ་པ་ཀི་སི་ཐན་གྱིས་བདག་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་གར་གྱིས་དེ་ལ་རྩོད་པ་མ་བརྒྱབ་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བསམ་བློ་བཏང་རུང་གཟའ་འཁོར་སྔོན་མའི་གཏོར་རྒོལ་རྗེས་སུ་རྒྱ་གར་གྱིས་པ་ཀི་སི་ཐན་ལ་ཆུའི་ཐོན་ཁུངས་འགོག་རྒྱུའི་བསམ་བློ་གཟབ་ནན་གཏོང་གི་ཡོད་པ་རེད།

རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པར་གཏོར་རྒོལ་བྱེད་མཁན་རང་སྲོག་བློས་གཏོང་བ་ནི་ཀི་ཤི་མིར་གྱི་ན་གཞོན་ཞིག་ཡིན། ཁོ་པ་འཛིན་རིམ་༡༢་པ་ནས་སློབ་གྲྭ་ཁུངས་མ་འཁྱོལ་པར་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁོངས་སུ་ཞུགས། ན་གཞོན་དེའི་རང་གི་རླངས་འཁོར་ནང་དུ་འབར་རྫས་རྒྱ་མ་༣༥༠་ལྷག་བརྩིགས་ནས་རྒྱ་གར་གྱི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་མི་༤༠་ལྷག་བསད་པ་དང་མི་༢༠་ལྷག་རྨས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁང་འགའ་ཞིག་གིས་པ་ཀི་སི་ཐན་གྱི་མཐའ་སྲུང་དམག་གིས་རང་གི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱ་གར་ལ་འཐབ་རྒོལ་བྱེད་དུ་འཇུག་གི་འདུག པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེས་འབར་རྫས་བཟོ་སྟངས་དང་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད་ཀྱང་རྒྱ་གར་གྱི་དམག་ལ་གཏོར་རྒོལ་བྱེད་མཁན་ནི་ཀ་ཤི་མིར་གྱི་ཡུལ་མི་གྱེན་ལོག་པ་ཞིག་རེད་ཅེས་གནས་ཚུལ་སྤེལ། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་ང་ཚོ་ཀ་ཤི་མིར་གྱི་གཏོར་རྒོལ་དེར་འབྲེལ་བ་ཡོད་པ་རྒྱ་གར་གྱིས་ཁུངས་སྐྱེལ་ར་སྤྲོད་བྱ་དགོས། རྒྱ་གར་གྱིས་དུས་དང་རྣམ་པ་ཀུན་ཏུ་པ་ཀི་སི་ཐན་ལ་ལན་ཁག་དཀྲི་རྒྱུ་མཚམས་ཞོག ང་ཚོས་ལག་བསྟར་ཐུབ་པའི་གནས་ཚུལ་ཅི་ཞིག་ཡོད་ཀྱང་རྒྱ་གར་གྱིས་པ་ཀི་སི་ཐན་ལ་མཁོ་སྤྲོད་བྱོས། རྒྱ་གར་གྱིས་པ་ཀི་སི་ཐན་ལ་དམག་བརྒྱབ་ནས་རྒོལ་ལན་སློག་ན་པ་ཀི་སི་ཐན་གྱིས་ཀྱང་རྒྱ་གར་ལ་རྒོལ་ལན་ཚུལ་བཞིན་སློག་རྒྱུ་ཡིན། ཀ་ཤི་མིར་གྱི་གནད་དོན་ནི་ཞི་བའི་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས། ཀ་ཤི་མིར་གྱི་མི་དམངས་རྣམས་འཆི་བར་སྐྲག་གི་མེད་པའི་རྒྱུ་མཚན་ཅི་ཡིན་རྒྱ་གར་གཞུང་གིས་ངོས་ཟིན་དགོས་ཞེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་དཀྱིལ་ཤར་ས་ཁུལ་ཉམས་ཞིབ་ཁང་གི་མཁས་པ་ར་ཧྥིཀ་ཀྱིས་ངས་ནི་པ་ཀི་སི་ཐན་ལ་འཕྲལ་དུ་རྒོལ་རྡུང་འཕོག་རྒྱུ་སོགས་ཀྱི་ཉེན་ཀ་ཞིག་ཡོད་པ་མཐོང་གི་མི་འདུག ཡིན་ནའང་མ་འོངས་པར་ལྷོ་ཨེ་ཤི་ཡར་འཁྲུག་རྩོད་གང་འདྲ་ཞིག་འབྱུང་རྒྱུ་ཡིན་མིན་གྱི་སྔ་ལྟས་ཕྲ་མོ་ཞིག་མཐོང་ཐུབ། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀར་ཆུའི་ཐོན་ཁུངས་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཡོད་ཅེས་བཤད། ལྡི་ལི་གསར་པའི་སྲིད་ཇུས་ཉམས་ཞིབ་ཁང་གི་སློབ་དཔོན་ཆེ་ལེ་ནེས་རྒྱ་གར་གཞུང་གིས་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་ལ་སྟངས་འཛིན་བྱས་ཐུབ་མེད། ད་ལྟ་རྒྱ་གར་གཞུང་གིས་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་བཀག་ནས་པ་ཀི་སི་ཐན་ལ་རྒོལ་ལན་སློག་རྒྱུ་དངོས་སུ་ལག་ལེན་བསྟར་སྲིད། ད་སྔ་ཕན་ཆད་ལ་རྒྱ་གར་གྱིས་ཁ་སྟོང་པས་སྡིགས་ར་བསྐུལ་ནས་ལག་ལེན་གང་ཡང་བསྟར་མེད། པ་ཀི་སི་ཐན་ལ་ཆུའི་ཐོན་ཁུངས་འགོག་གི་ཡོད་ཅེས་དྲིལ་བསྒྲགས་བྱས་ན་རྒྱ་གར་མི་དམངས་ཀྱི་ཁོང་ཁྲོ་ཞི་ཐུབ་པའི་ཕན་ཐོགས་ཡོད་ཅེས་བཤད། རྒྱ་གར་གཞུང་གིས་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་འགོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་པར་པ་ཀི་སི་ཐན་གྱིས་དངོས་སུ་ལན་འདེབས་ཅི་ཡང་བྱས་མེད་ཀྱང་གཟའ་ཕུར་བུའི་ཉིན་པ་ཀི་སི་ཐན་གྱིས་སླར་ཡང་ང་ཚོ་བདུན་ཕྲག་སྔོན་མར་བྱུང་བའི་ཀ་ཤི་མིར་གྱི་གཏོར་རྒོལ་ལ་འབྲེལ་བ་མེད་ཅེས་དག་སྐྱེལ་བྱས་སོ།།