ཏིན་ཕུ་ཧྥང་གི་གཏམ་བཤད།

༄༅།།རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་འདས་པོ་ཏིན་ཞའོ་ཕིང་གི་བུ་ཏིན་ཕུ་ཧྥང་གིས་སྒྱུར་བཅོས་ནི་ཕྱིར་ཟློག་བྱ་མི་རུང་ཞེས་གཏམ་བཤད་ཅིག་བྱས་པ་སྲིད་འཛིན་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་དང་ཉེན་བརྡ་བཏང་བ་ཞིག་ཏུ་སྣང་ཞིང་། ཉེ་ཆར་ལོ་༤༠་ཙམ་གྱི་གོང་དུ་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་གཏོང་ཡུལ་ཀོང་ཏུང་ཞིང་ཆེན་ལ་སྲིད་འཛིན་ཞིས་ཅིན་ཕིང་གཟིགས་ཞིབ་ཏུ་ཕེབས། ཞིས་ཅིན་ཕིང་གི་གཟིགས་ཞིབ་ཀྱང་ལོ་༤༠་གོང་གི་ཏིན་ཞའོ་ཕིང་གི་ལྷོ་ཕྱོགས་གཟིགས་ཞིབ་ལ་ལད་ཟློས་བྱས་པ་ཞིག་ཡིན་སྲིད། ཡིན་ནའང་ཕྱི་ཟླ་༩་ཚེས་༡༦་ཉིན་ཚོགས་པའི་རྒྱ་ནག་གི་དབང་པོ་སྐྱོན་ཅན་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་ཏིན་ཕུ་ཧྥང་གིས་ལོ་རབས་༨༠་མགོ་དེར་ཏིན་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་དང་མི་ལ་རང་དབང་སྟེར་པའི་ལེགས་བཅོས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་རྒྱུན་འཁྱོངས་བྱ་དགོས། མི་མང་གིས་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེར་སྐུལ་ལྕག་གཏོང་དགོས་ཞེས་གཏམ་བཤད་བྱས་པ་རྣམས་ཟླ་བ་གཅིག་ལྷག་གི་རྗེས་སུ་ཕྱི་ལ་བསྒྲགས། ཏིན་ཕུ་ཧྥང་གི་གཏམ་བཤད་དེ་སྲིད་འཛིན་ཞིས་ཅིན་ཕིང་གི་འཛིན་སྐྱོང་ལམ་ལུགས་མའོ་ཙེ་ཏུང་གི་དུས་སྐབས་ལ་ལྟག་ལོག་རྒྱག་གི་ཡོད་པ་དང་གང་ཟག་སྒེར་ལ་གུས་མཆོད་བྱ་དགོས་པའི་ལམ་སྲོལ་ངན་པ་བསྐྱར་གསོ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་མངོན་གསལ་མེད་པ་ཞིག་ཡིན་འདུག

ལོ་ངོ་༤༠་གོང་དུ་ཏིང་ཞའོ་ཕིང་གིས་དཔལ་འབྱོར་སྒྱུར་བཅོས་དང་རིག་གཞུང་དར་འཕེལ་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་ཕྱིར་ཟློག་བྱ་ཐབས་མེད། བསམ་བློ་རྣལ་ལ་ཕོབས། རང་ཚོད་ཟིན་པར་བྱོས། ང་ཚོ་གཉའ་གནོན་བྱེད་མཁན་ཞིག་ལ་འགྱུར་མི་ཉན་པ་ལྟར་དམན་ས་འཛིན་མཁན་ཞིག་ལའང་འགྱུར་མི་ཉན། རྒྱ་ནག་གིས་མཉམ་འབྲེལ་དང་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་ཁེ་ཐོབ་པའི་སྲིད་ཇུས་ཤིག་འཛིན་དགོས། ད་ལྟའི་དུས་སྐབས་འདིར་རྒྱ་ནག་གིས་འོས་ཤིང་འཚམས་པའི་ཐབས་ཇུས་ཤིག་བསྟེན་ནས་རང་གི་དཀའ་ངལ་རྣམས་སེལ་ཐབས་བྱ་དགོས། རྒྱལ་སྤྱིའི་ཆབ་སྲིད་ལ་ངེས་གཏན་མེད་པའི་མཚམས་འདིར་རྒྱ་ནག་ཅི་ནས་ཀྱང་ཞི་བདེའི་ཁོར་ཡུག་ཏུ་འཛུལ་དགོས་ཞེས་ནན་བརྗོད་བྱས་པ་དེ་ལ་བལྟས་ཚེ། སྔོན་ཆད་ཏིན་ཞའོ་ཕིང་གིས་ཇུས་གསང་སྟོབས་སྐྱེད་བྱ་དགོས་ཞེས་ཕྱི་སྲིད་འཛིན་ཕྱོགས་ལ་ལམ་སྟོན་བྱས་པ་དྲན་སྐུལ་ཐུབ། ཉེ་བའི་ལོ་ཤས་ཤིག་ནས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཧམ་སེམས་ཆེ་བའི་ཕྱི་འབྲེལ་སྲིད་ཇུས་ཤིག་དང་བཙན་དྲག་ཅན་གྱི་དམག་དོན་སྲིད་ཇུས་ཤིག་འཛིན་གྱི་ཡོད་པས་ཏིན་ཕུ་ཧྥང་གིས་ཞིས་ཅིན་ཕིང་གི་ཕྱི་འབྲེལ་དང་དམག་དོན་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་གོ་བ་ལེན་ཆོག

ལོ་ན་༧༤་ལ་སོན་པའི་ཏིན་ཕུ་ཧྥང་སླར་ཡང་རྒྱ་ནག་གི་དབང་པོ་སྐྱོན་ཅན་མནའ་འབྲེལ་ཚོགས་པའི་ཆེ་བསྟོད་གཙོ་འཛིན་ལ་འོས་འདེམས་བྱུང་། ༡༩༦༨་ལོར་རིག་གནས་གསར་བརྗེའི་དུས་སུ་ཏིན་ཕུ་ཧྥང་དམར་སྲུང་དམག་གིས་འཐབ་འཛིང་ལ་གཡོལ་ཐབས་སུ་བྲོས་བྲོལ་དུ་སོང་ནས་ཐོག་ཁང་གི་སྒེའུ་ཁུང་ཞིག་ནས་ལྷུང་སྟེ་ལུས་སྨད་འགུལ་རྒྱུ་མེད་པར་གྱུར་ནས་རྐུབ་བཀྱག་འཁོར་ལོའི་ནང་དུ་འགུལ་སྐྱོད་རྒྱག་དགོས་བྱུང་ཞིང་། ཁོང་གིས་༡༩༩༢་ལོར་ངའི་ཨ་ཕ་ཏིན་ཞའོ་ཕིང་གིས་རྒྱ་ནག་གི་སྒོ་འབྱེད་སྒྱུར་བཅོས་ལ་ཕྱི་མིག་བལྟས་ནས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་སྲ་བརྟན་དང་ཡར་རྒྱས་གཏོང་བར་མི་རབས་བཅུ་ཕྲག་འགའ་ཞིག་འགོར་རྒྱུ་རེད་ཅེས་མཐའ་སྡོམ་བརྒྱབ་ཡོད། རྒྱ་ནག་གི་སྒོ་འབྱེད་སྒྱུར་བཅོས་ཀྱི་སྲིད་ཇུས་འོག་ཏུ་རྒྱ་ནག་གི་སྤྱི་ཚོགས་ལ་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་བ་ཐེབས་ཡོད་པས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཁག་ལའང་ཕྱོགས་ཡོངས་ནས་འགྱུར་བ་ཐེབས་ཡོད། ལོ་ངོ་༤༠་ཡས་མས་ཞིག་གི་འགྱུར་ལྡོག་དེ་རྣམས་ནམ་ཡང་ཕྱིར་ཟློག་བྱ་ཐབས་བྲལ། རྒྱ་ནག་ངེས་པར་དུ་དུས་རབས་གཅིག་གི་རིང་ལ་སྒྱུར་བཅོས་ཀྱི་ལམ་ཕྱོགས་དེར་མདུན་སྐྱོད་བྱ་དགོས་པ་ལས་ལྟག་ལོག་རྒྱག་མི་ཉན། ང་ཚོ་རིག་གནས་གསར་བརྗེ་བརྒྱུད་མྱོང་བ་རེད། མི་ལ་ཡིད་ཆེས་བརླགས་ནས་ཀུན་སྤྱོད་ཉམས། རིག་གཞུང་ཉམས་ནས་སྤྱི་ཚོགས་ལ་ཟིང་ཆ་ལངས། མི་དམངས་རྣམས་གང་ལའང་ཡིད་ཆེས་མེད་པར་གྱུར་པ་རེད་ཅེས་བཤད་པས་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཕལ་ཆེ་བས་ཏིན་ཕུ་ཧྥང་གི་གཏམ་བཤད་དེ་སྲིད་འཛིན་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྱས་པ་ཞིག་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།

ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་རྒྱ་ནག་སྔར་བཞིན་ཏིན་ཞའོ་ཕིང་གིས་སྲོལ་གཏད་པའི་སྒྱུར་བཅོས་ཀྱི་ལམ་ཕྱོགས་དེར་བསྐྱོད་རྒྱུ་ཡིན་མིན་ཐེ་ཚོམ་ཡིན་ཞིང་། དེར་བརྟེན་གཟའ་འཁོར་གཉིས་ཀྱི་གོང་དུ་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕེན་སིས་རྒྱ་ནག་གཞུང་གིས་ཁ་སྟོང་པས་སྒྱུར་བཅོས་དང་སྒོ་འབྱེད་བྱེད་ཀྱིན་ཡོད་ཟེར་པས་ཏིན་ཞའོ་ཕིང་གི་སྐད་གྲགས་ཅན་གྱི་སྲིད་ཇུས་དེ་རྣམས་ཁོག་སྟོང་དུ་གྱུར་སོང་ཞེས་བཤད། ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་སྲིད་དོན་ཉམས་ཞིབ་པ་དབྱང་ཏ་ལི་ཞེས་པ་ཞིག་གིས་ཏིན་ཕུ་ཧླང་གི་གཏམ་བཤད་དེ་རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གོ་བ་ལེན་ཆོག ཡིན་ནའང་གཏམ་བཤད་ནང་དུ་དེ་ལས་ལྷག་པའི་སྦས་དོན་ཞིག་ཡོད་པ་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཁུལ་དུ་ཞིས་ཅིན་ཕིང་གི་སྲིད་ཇུས་འཛིན་ཕྱོགས་ལ་ལྟ་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་མཚོན་ཐུབ། ཨ་མི་རི་ཀར་ཚོང་དམག་ལངས་པའི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་ཏིན་ཞའོ་ཕིང་གི་བསླབ་བྱ་བླངས། ཞིས་ཅིན་ཕིང་གི་སྤོབས་པ་དང་ང་རྒྱལ། ངོ་ཚ་རྣམས་ཡོངས་སུ་དོར་ནས་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་གདན་འདྲེན་ཞུས་པ་ལྟ་བུ་རེད་ཅེས་བཤད་འདུག