Your browser doesn’t support HTML5
འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཀ
༄༅།། གཟའ་འཁོར་འདིར་ལྷོ་ཀོ་རི་ཡར་འཛམ་གླིང་ཡུལ་གྲུ་ཁག་མཉམ་འབྲེལ་གྱིས་སའི་གོ་ལའི་ཚ་དྲོད་འཕེལ་ནས་འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཅི་ཙམ་ཐེབས་ཀྱིན་ཡོད་མེད་ལ་ཞིབ་འཇུག་ཚོགས་འདུ་ཞིག་ཚོགས་ཏེ་འཛམ་གླིང་ཡུལ་གྲུ་ཚང་མས་སའི་གོ་ལའི་ཚ་དྲོད་འཕེལ་བ་འགོག་ཐབས་བྱ་རྒྱུའི་ཚད་གཞི་གསར་པ་ཞིག་གཏན་འབེབས་བྱུང་ཡོད་པ་རེད།
དེ་ཡང་རྒྱལ་ཚོགས་ཀྱི་ལམ་སྟོན་སྙན་ཐོ་གསར་པ་དེར་རྒྱལ་ཁབ་སོ་སོས་རྒྱུན་ལྡན་སྲིད་ཇུས་སྤེལ་སྟངས་དང་བྱེད་ལས་ཁག་ཅིག་གིས་སའི་གོ་ལའི་གནམ་གཤིས་ལ་འགྱུར་བ་ཐེབས་ནས་ཚ་དྲོད་རྒྱས་ཀྱི་ཡོད་པར་ངེས་པར་དུ་བསམ་ཤེས་བྱ་དགོས་པའི་ནན་སྐུལ་གནང་སྟེ་མཚན་རིག་པ་ཚོས་སའི་གོ་ལར་ཞིབ་འཇུག་བྱས་པའི་རྙེད་དོན་ཁག་གཞིར་བཞག་གིས་སའི་གོ་ལའི་ཚ་དྲོད་མཐོ་རུ་འགྲོ་སྲིད་པའི་ཚད་གཞི་དེ་ཨང་གྲངས་༢་ལ་འཕར་པའི་དབང་དུ་བཏང་ན་གནོད་སྐྱོན་ཚབས་ཆེན་ཞིག་ཐེབས་སྲིད། དེས་ན་ཕྱི་ལོ་༢༠༡༥་ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་ཚོགས་ཆེན་དུས་སུ་ཚ་དྲོད་སེལ་སེ་སི་༢་ལ་འཕར་ཆོག་པའི་ཐག་གཅོད་བྱས་པར་འགྱུར་བ་བཏང་ནས་སའི་གོ་ལའི་ཚ་དྲོད་སེལ་སེ་སི་༡.༥་ལས་འཕར་དུ་འཇུག་མི་ཉན་པའི་སྒྲིག་གཞི་གཏན་འབེབས་བྱས་འདུག
སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཆག་སྒོ་ཚབས་ཆེན་འབྱུང་སྲིད་པ་རྣམས་ཟློག་ཐབས་བྱ་རྒྱུར་ཡུལ་གྲུ་ཚང་མས་ནུས་ཤུགས་ཀྱི་དགོས་མཁོ་ཁག་བེད་སྤྱོད་བྱེད་སྟངས་དང་རང་གི་ཁྱབ་ཁུངས་ཀྱི་ས་ཞིང་ཁག་བེད་སྤྱོད་བྱེད་སྟངས། དེ་བཞིན་འཛུགས་སྐྲུན་ལས་འཆར་ཁག་ལ་ཚོད་འཛིན་གྱིས་མིའི་རྒྱུན་ལྡན་གྱི་ཀུན་སྤྱོད་ལ་འགྱུར་བ་བཏང་ནས་འཕྱི་མ་དྲགས་པའི་སྔོན་དུ་འགོག་ཐབས་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་བསྟན།
ད་ཐེངས་ལྷོ་ཀོ་རི་ཡར་གནམ་གཤིས་འགྱུར་ལྡོག་མཁས་པ་ཁག་དང་ཕྱི་འབྲེལ་མི་སྣ་ཚོས་སའི་གོ་ལའི་ཚ་དྲོད་མཐོ་རུ་འགྲོ་བཞིན་པའི་ཉེན་ཁ་དང་ཆག་སྒོ་འབྱུང་སྲིད་པ་རྣམས་ཟློག་ཐབས་བྱེད་པར་མཚན་རིག་པ་༦༠༠༠་ཙམ་གྱིས་སྤེལ་བའི་ཞིབ་འཇུག་སྙན་ཐོར་གྲོས་བསྡུར་ལྷུག་པོ་བྱུང་སྟེ་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་སྐྱེལ་གྱིན་ཡོད་པ་མཚམས་འཇོག་བྱ་དགོས་པའི་ནན་སྐུལ། མ་འོངས་པར་ཕྱི་ལོ་༢༡༠༠་ཡས་མས་སུ་སླེབས་དུས་སའི་གོ་ལའི་ཚ་དྲོད་སེལ་སེ་སི་༡.༥་ལས་ལྷག་གཏན་ནས་འཕར་བརྒལ་འགྲོ་རུ་འཇུག་མི་ཉེན་པའི་སྒྲིག་གཞི་བརྟན་པོ་ཞིག་དགོས་ཞེས་བརྗོད་འདུག
མཚན་རིག་པ་ཁག་ཅིག་གིས་རྒྱ་གར་ལྟ་བུའི་ཞིང་ལས་ཤུགས་ཆེ་བ་དང་ཉ་འཛིན་ལས་རིགས་ལ་ཤུགས་ཆེན་བརྟེན་པའི་རྒྱལ་ཁབ་ཁག་ལ་ཚ་དྲོད་༡་དང་གྲངས་ཆུང་༥་འཕར་ན་དཀའ་ངལ་ཆེན་པོ་འཕྲད་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སྟེ། རྒྱལ་སྤྱིའི་སྔོ་ལྗང་ཚོགས་པའི་འགན་འཛིན་འཇེ་ཎི་ཧྥེར་མོར་གྷན་གྱིས་གསར་འགོད་པ་ཚོར་ལྷན་ཚོགས་འདིས་འདོན་སྤེལ་བྱས་པའི་སྙན་ཐོ་ནི་མིའི་བྱ་སྤྱོད་ལ་བརྟེན་ནས་འཇིག་རྟེན་ཁམས་འདི་འཇིག་ལ་ཉེ་བ་ལས་སྐྱོབ་ཐབས་བྱེད་པའི་ལམ་སྟོན་ས་ཁྲ་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་བཤད་ཡོད་པ་རེད།།