རྒྱ་ནག་གིས་ཐེ་ཝན་གྱི་ནང་དུ་འགལ་ཟླ་སློང་བ།

Your browser doesn’t support HTML5

རྒྱ་ནག་གིས་ཐེ་ཝན་གྱི་ནང་དུ་འགལ་ཟླ་སློང་བ།


ཐེ་ཝན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་མི་དམངས་ལ་རང་གི་སྤྱི་ཚོགས་སུ་གསར་འགྱུར་རྫུན་མ་དང་གནས་ཚུལ་ངོ་མ་མིན་པ་རྣམས་འགྲེམ་སྤེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས། གསར་འགྱུར་དེ་དག་གི་ཁག་ཅིག་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་གི་ཡོད་པ་དང་སྤྱི་ཚོགས་ཁ་འཐོར་གཏོང་རྒྱུའི་དམིགས་ཡུལ་འཆང་ཡོད་པ་ཞིག་རེད་ཅེས་བརྗོད་གནང་འདུག

ད་ལོའི་སྤྱི་ཟླ་༡༡་པའི་ནང་དུ་ཐེ་ཝན་ལ་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་པ་དང་རྫོང་དཔོན་སོགས་ས་གནས་ཀྱི་འགོ་ཁྲིད་རྣམས་འོས་བསྡུ་བྱ་འཆར་ཡོད་པས། ད་ལྟ་ནས་ཐེ་ཝན་གྱི་ས་གནས་སོ་སོར་སྲིད་དོན་ཚོགས་པ་ཁག་གི་འོས་མི་ཚོས་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པ་ལྟར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཚོར་རྒྱབ་སྐྱོར་གྱི་གཏམ་བཤད་དང་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུ་སྤེལ་དུ་ཕེབས་འདུག ཐེ་ཝན་གྱི་གྲོང་ཁྱེར་ཐེ་ནན་དང་གའོ་ཞུན་བཅས་སུ་གཏམ་བཤད་བྱས་པའི་སྐབས་སུ་“ངས་གོ་སྐབས་འདི་བཟུང་ནས་མི་མང་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན། ཁྱེད་ཚོས་ངོ་དེབ་དང་ཐིག་ཕྲེང་སོགས་རྒྱུད་ལམ་གང་དུ་གནས་ཚུལ་ཅི་ཞིག་མཐོང་ཐོས་འབྱུང་སྐབས་གསར་འགྱུར་དེ་བདེན་པ་མིན་པའམ། ཡང་ན་རྫུན་མ་རེད་བསམས་པ་བྱུང་ན་གསར་འགྱུར་དེ་འགྲེམ་སྤེལ་བྱ་རྒྱུ་མཚམས་འཇོག་གིས་གནས་ཚུལ་དེ་བདེན་པ་མིན་པའི་གསལ་བཤད་བྱ་དགོས། དེ་བཞིན་ཐེ་ཝན་གཞུང་གིས་གནས་ཚུལ་རྫུན་མའི་རིགས་ལ་དུས་ཐོག་ཏུ་གསལ་བཤད་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། མི་ཁ་ཤས་དང་ཚོགས་སྡེ་ཁ་ཤས་ཀྱིས་གནས་ཚུལ་རྫུན་མའི་རིགས་སྤེལ་ཏེ་ཐེ་ཝན་གྱི་འོས་འདེམས་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་པ་འགོག་ཐབས་བྱ་རྒྱུ་ཡིན་”ཞེས་བརྗོད་འདུག

རྒྱ་ནག་གིས་ཐེ་ཝན་དུ་གསར་འགྱུར་རྫུན་མ་འགྲེམ་སྤེལ་བྱས་པའི་དཔེ་མཚོན་གསར་ཤོས་ཤིག་ནི་ཉི་ཧོང་དུ་བཅའ་སྡོད་ཐེ་ཝན་གྱི་ཕྱི་འབྲེལ་སྐུ་ཚབ་རང་ཤི་རྒྱག་དགོས་བྱུང་བ་རེད་ཅེས་དཀྲོག་གཏམ་སྤེལ་བ་དེས་མཚོན་ཐུབ། ཉེ་ཆར་ཉི་ཧོང་ལ་མཚོ་རླུང་ཇེ་བྷེ་ཞེས་པ་འཕྱུར་ནས་འགྲིམ་འགྲུལ་འགགས་ཏེ་ཉི་ཧོང་གི་རྒྱལ་སྤྱིའི་གནམ་ཐང་དུ་ཡུལ་སྐོར་བ་ཚོ་འགགས་ཡོད་དུས་རྒྱ་ནག་གཞུང་ཚབ་ཁང་གིས་སྤྱི་སྤྱོད་རླངས་འཁོར་བཏང་ནས་རྒྱ་རིགས་ཡུལ་སྐོར་བ་ཚོ་དཀའ་གནད་ལས་གྲོལ་ཐབས་བྱས་པ་དང་། ཐེ་ཝན་གྱི་ཡུལ་སྐོར་བ་ཚོས་ཀྱང་རང་ཉིད་རྒྱ་ནག་གི་སྤྱི་དམངས་ཡིན་བསམ་པའི་འདུ་ཤེས་ཡོད་ན་རྒྱ་ནག་གཞུང་ཚབ་ཏུ་ཡོང་ཆོག་ཅེས་གནས་ཚུལ་ཞིག་སྤེལ་སྐབས་ཐེ་ཝན་མི་མང་གི་ཁྲོད་དུ་རང་ཉིད་རྒྱ་ནག་སྐམ་ས་ཆེན་མོའི་སྤྱི་དམངས་ཡིན་ན་ཅི་མ་རུང་སྙམ་པ་དང། རྒྱ་ནག་གིས་རང་གི་སྤྱི་དམངས་ལ་བདག་སྐྱོང་བྱེད་སྟངས་ལྟར་ཉི་ཧོང་བཅའ་སྡོད་ཐེ་ཝན་གྱི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཐེ་ཝན་གྱི་སྤྱི་དམངས་ལ་བདག་པོ་བརྒྱབ་མ་སོང་ཞེས་ཁ་རྡུང་དང་སྐྱོན་བརྗོད་དྲག་པོ་བྱུང་སོང་ཞེས་དཀྲོག་གཏམ་སྤེལ་ཡོད་པར་མ་ཟད། སྤྱི་ཟླ་༩་པའི་ཚེས་༡༤་ཉིན་ཉི་ཧོང་དུ་བཅའ་སྡོད་ཐེ་ཝན་ཕྱི་འབྲེལ་སྐུ་ཚབ་ཀྱིས་རང་གི་སྡོད་ཤག་ཏུ་སྐེ་ལ་ཐག་པ་བསྐོན་ཏེ་རང་ཤི་བརྒྱབ་ཡོད་པ་རེད། ཉི་ཧོང་གི་ཉེན་རྟོག་པས་སྡོད་ཤག་དེར་ཁ་ཆེམས་ཡི་གེ་ཞིག་རྙེད་པ་དེའི་ནང་དུ་ཐེ་ཝན་གྱི་ཡུལ་སྐོར་བ་ཚོས་ཉི་ཧོང་དུ་བཅའ་སྡོད་ཐེ་ཝན་གྱི་ཕྱི་འབྲེལ་ལས་ཁུངས་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱས་པས་སྐུ་ཚབ་དོན་གཅོད་ཀྱིས་རང་སྲོག་གཅོད་དགོས་བྱུང་སོང་ཞེས་འཁོད་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་འདུག ཡིན་ནའང་མཐར་རྒྱ་ནག་གིས་སྤྱི་སྤྱོད་རླངས་འཁོར་མངགས་ཏེ་རང་གི་སྤྱི་དམངས་རྣམས་བསྐྱབས་ཞེས་པའི་གསར་འགྱུར་དེ་རྫུན་མ་ཡིན་པ་ར་སྤྲོད་བྱུང་ཡོད་པ་རེད།

སྤྱིར་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ལ་ཕྱི་འབྲེལ་གྱི་གནོན་ཤུགས་སྣ་ཚོགས་སྤྲད་དེ་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་བཞིན་ཡོད་ཅིང་། རྒྱལ་ཁབ་གཞན་དུ་ཐེ་ཝན་ལ་གཞུང་ཚབ་ཀྱི་ཐོབ་ཐང་སྤྲོད་བཞིན་མེད་པས་ཐེ་ཝན་གྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཆ་རྐྱེན་དང་ལས་བྱེད་སོགས་རྒྱལ་ཁབ་གཞན་པའི་གཞུང་ཚབ་དང་བསྡུར་དཀའ།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་གླིང་དེའི་སྤྱི་ཚོགས་སུ་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ཡོད་པ་རྒྱ་ནག་གིས་བེད་སྤྱོད་ལོག་པར་བཏང་སྟེ་ཐེ་ཝན་གྱི་ནང་ཁུལ་དུ་གསར་འགྱུར་རྫུན་མའི་རིགས་སྤེལ་ནས་ཐེ་ཝན་མི་མང་གི་ཁྲོད་དུ་ཤོག་ཁག་གི་འགལ་ཟླ་སློང་བ་བཞིན་ཡོད་ཀྱང་ཝན་མི་མང་གིས་བློ་རིག་གྲུང་པོ་བྱ་དགོས། ཐེ་ཝན་མི་མང་གིས་གནས་ཚུལ་ངོ་མ་མིན་པ་དང་གསར་འགྱུར་རྫུན་མའི་རིགས་འགྲེམ་སྤེལ་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག