ཡུ་གུར་ཁ་ཆེ་དེ་གྲས་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱི་ནང་འཛུལ་ཞུགས་བྱེད་པ།

རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིང་ཅང་གི་ཡུ་གུར་ཁ་ཆེ་དེ་གྲས་ འཛམ་གླིང་ནང་ནས་ཁ་ཆེ་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡེའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཤིག་གི་ནང་འཛུལ་ཞུགས་བྱས་ཏེ་དྲག་སྤྱོད་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་ཇེ་གསལ་དུ་འགྲོ་གི་ཡོད་པར་བརྟེན་ ཡུ་གུར་དྲག་སྤྱོད་པ་དེ་རིགས་བཀག་འགོག་བྱ་རྒྱུའི་ཆེད་དུ་ ཨིན་ཌོ་ནེ་ཤི་ཡེའི་གཞུང་གིས་ རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་དང་འབྲེལ་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་མཁན་༼Islamic State༽ ཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ལ་དགའ་ཞེན་བྱེད་མཁན་དེ་གྲས་ཀྱིས་ཨིན་ཌོ་ནེ་ཤི་ཡེའི་ནང་ རྒོལ་བརྡུང་གཏོང་སྲིད་པའི་ཐད་གཞུང་འབྲེལ་མི་སྣ་རྣམས་ཀྱིས་བློ་འཚབ་བྱེད་བཞིན་པའི་སྐབས་དེར་ ཉེ་དུས་རང་ ཡུལ་དེའི་འཇིགས་བསྐུལ་རིང་ལུགས་བཀག་སྡོམ་ལས་མི་རྣམས་ཀྱིས་ ཁ་ཆེ་དྲག་སྤྱོད་པ་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཡོད་པ་དང་ འཛིན་བཟུང་བྱས་པ་དེ་དག་གི་ཁོངས་སུ་རང་སྲོག་རང་གཅོད་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་ལུས་ལ་འབར་རྫས་བཀྲིས་པའི་ཡུ་གུར་ཁ་ཆེ་གཅིག་ཀྱང་ཡོད་ཅིང་ མི་དེ་དག་གིས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཨིན་ཌོ་ནེ་ཤི་ཡེའི་ནང་ དྲག་རྒོལ་བྱ་རྒྱུའི་འཆར་གཞི་ངན་བཤོམས་བྱས་ཡོད་པ་རེད་ དེའི་གོང་ལ་ཡང་ ཨིན་ཌོ་ནེ་ཤི་ཡེའི་བདེ་འཇགས་མི་སྣ་ཚོས་ དོགས་ཡོད་དྲག་སྤྱོད་པ་འགའ་ཞིག་འཛིན་བཟུང་བྱས་ཡོད་པ་དེ་དག་གི་ཁོངས་སུའང་ ཤིང་ཅང་གི་ཡུ་གུར་ཁ་ཆེ་དེ་གྲས་བྱུང་ཡོད་སྟབས་ ད་ཆ་གནད་དོན་འདིའི་ཐད་ལ་ཨིན་ཌོ་ནེ་ཤི་ཡེའི་གཞུང་གིས་བློ་འཚབ་ཧ་ཅང་ཆེན་པོ་བྱས་ཏེ་ རྒྱ་ནག་གཞུང་དང་མཉམ་ལས་བྱས་ཏེ་ ཡུ་གུར་དྲག་སྤྱོད་པ་དེ་གར་ལྐོག་ཏུ་ཡོང་རྒྱུ་བཀག་འགོག་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་འདུག

Your browser doesn’t support HTML5

ཡུ་གུར་ཁ་ཆེ་དེ་གྲས་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱི་ནང་འཛུལ་ཞུགས་བྱེད་པ།