བོད་ལ་ཆུ་མཛོད་གསར་རྒྱག་བྱས་པའི་མཇུག་འབྲས།

འཛམ་གླིང་སྤྱི་ཡོངས་ཀྱི་ཆུ་མཛོད་གྲངས་འབོར་ལས་ཀྱང་རྒྱ་ནག་ལ་ཆུ་མཛོད་མང་བ་ཡོད་ཅིང་། ད་དུང་ཡང་གཏེར་ལས་དང་ཞིང་ལས། བཟོ་སྐྲུན་སོགས་ཀྱི་ཆེད་དུ་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་གཉེར་ཏེ། རྒྱ་ནག་སྐམ་སའི་གཙང་པོ་ཁག་གི་ཐོག་ཏུ་ཆུ་མཛོད་ཧ་ཅང་མང་པོ་ཞིག་བརྒྱབ་ཡོད་པ་དང་། ད་ལྟ་རྒྱ་ནག་ལ་ཆུའི་ནུས་ཤུགས་འབྱུང་ཁུངས་གཅིག་ལས་ལྷག་མེད་པ་དེ་བོད་ནང་གི་ཆུ་བོ་ཁག་ཡིན་ཞེས་ཉེ་ལམ་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པ་དང་རྩོམ་པ་པོ་མ་ཀེལ་བྷག་ལེས་བྲིས་པའི་དཔྱད་རྩོམ་ཞིག་ཏུ་འཁོད་འདུག བོད་ཀྱི་ཆུ་བོའི་ཐོག་གི་ཆུ་མཛོད་དེ་ཚོས་བོད་མི་དམངས་ལ་ཕན་ཐོགས་གང་ཡང་མེད་པ་དང་། ཆུ་མཛོད་དེ་དག་གི་ཆུ་ཤུགས་གློག་རྣམས་རྒྱ་ནག་ཤར་གྱི་གྲོང་ཁྱེར་ཁག་ལ་གཏོང་བཞིན་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་གི་ལས་དོན་ཆེད་དུ་བོད་པ་ཚོ་བཙན་བཤེད་ཀྱིས་རང་ཁྱིམ་ནས་ས་ཁུལ་གཞན་ལ་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་དང་། ཆུ་མཛོད་ཀྱི་ལས་འཆར་དེ་ཚོར་ངོ་རྒོལ་བྱས་ན་ངོ་རྒོལ་བ་ཚོར་དྲག་གནོན་གྱིས་བཀག་སྡོམ་བྱེད་བཞིན་འདུག་ཅེས་གོང་གི་དཔྱད་རྩོམ་དེར་འཁོད་འདུག་ལ། བོད་ནི་ཉི་འོད་དང་རླུང་གི་ནུས་ཤུགས་འབྱུང་ཁུངས་ཧ་ཅང་ཕྱུག་པོ་ཡོད་པའི་ས་ཁུལ་ཞིག་ཡིན་པས་དཀའ་ངལ་འདིའི་རིགས་སེལ་ཐུབ་པའི་ཐབས་ལམ་བཟང་ཤོས་ནི་ཉི་འོད་དང་རླུང་གི་ནུས་ཤུགས་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞེས་རྩོམ་པ་པོས་ནན་བརྗོད་གནང་ཡོད་པ་རེད།།

Your browser doesn’t support HTML5

བོད་ལ་ཆུ་མཛོད་གསར་རྒྱག་བྱས་པའི་མཇུག་འབྲས།