ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་ཐག་གཅོད་བྱ་ཐུབ་རྒྱུ་མིན་པ། 


༄༅།། སང་ཉིན་ཕྱི་ཚེས་༩་ནས་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཕྱི་ཟླ་དང་པོའི་ཚེས་༦་ཉིན་གྱེན་ལོག་ངལ་སྐུལ་བྱས་པའི་ནག་ཉེས་ཡོད་མེད་ཁྲིམས་བཤེར་འགོ་ཚུགས་རྒྱུ། ཨ་རིའི་གྲོས་ཚོགས་འོག་མས་ཌོ་ནལ་ཊམ་ལ་གྱེན་ལོག་ངལ་སྐུལ་བྱས་པའི་ནག་ཉེས་བཙུགས། ཌོ་ནལ་ཊམ་དངོས་སུ་ཁྲིམས་ལ་སྦྱོར་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༦༧་སྟེ། གྲོས་ཚོགས་གོང་མའི་འཐུས་མིའི་གསུམ་ཆའི་གཉིས་ཀྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་བྱས་པའི་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་དགོས། ལོ་གཅིག་གི་སྔོན་དེར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཁྲིམས་བཤེར་ཐེངས་དང་པོ་བྱས་པའི་སྐབས་སུ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཌོ་ནལ་ཊམ་འགེབས་སྐྱོབ་བྱས་པ་ལྟར་གཟའ་འཁོར་འདིའི་ཁྲིམས་བཤེར་སྐབས་སུའང་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་པའི་འོས་ཤོག་འཕེན་རྒྱུ་ཁག་པོ་ཡིན་འདུག གྲོས་ཚོགས་འོག་མས་ཉེས་འཛུགས་དེར་སྤྱི་མཐུན་ཚོགས་པའི་འཐུས་མི་༡༠་ཐམ་པས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། དེ་ནས་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་ཌོ་ནལ་ཊམ་གྱིས་ངན་སྐུལ་གྱེན་ལོག་བྱས་པ་རེད་ཅེས་དམངས་གཙོ་ཚོགས་པའི་ཕྱོགས་སུ་འོས་ཤོག་འཕེན་མཁན་ཚོར་ངོ་རྒོལ་བྱས་ནས་གནོན་ཤུགས་ཆེན་པོ་སྤྲད། ཌོ་ནལ་ཊམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་ཀྱང་སྤྱི་མཐུན་ཚོགས་པར་དབང་སྒྱུར་དང་ཨ་རིའི་གྲོང་གསེབ་ཁག་ཏུ་ཌོ་ནལ་ཊམ་ལ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྟོབས་ཤུགས་ཉམས་མེད་ཅིང་། ཇི་སྲིད་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཚོར་ཤུགས་རྐྱེན་ཐེབས་པ་དེ་སྲིད་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།།

༢༠༢༠་ལོར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཁྲིམས་བཤེར་བྱས་པའི་སྐབས་སུ་ཡུ་ཊ་མངའ་སྡེའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱི་ཊི་རོམ་ཎི་གཅིག་པུས་ཌོ་ནལ་ཊམ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་བྱས་པའི་ནག་ཉེས་འདུག་ཅེས་འོས་ཤོག་འཕངས། ཡིན་ནའང་ཁོང་གིས་སྐབས་དེར་སྲིད་འཛིན་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་པའི་འོས་ཤོག་མ་འཕངས། ད་ལོའི་ཁྲིམས་བཤེར་ཐེངས་གཉིས་པའི་སྐབས་སུའང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་པར་ཉུང་མཐའ་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་༡༧་གྱིས་དམངས་གཙོ་ཚོགས་པའི་འཐུས་མི་ཚོར་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་དགོས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྔས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་བྱས་པའི་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་སྲིད། ཡིན་ནའང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་༤༥་ཡིས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་བྱས་པའི་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་རྒྱུའི་རྟགས་མཚན་བྲལ། དམངས་གཙོ་ཚོགས་པའི་ཕྱོགས་སུ་འོས་ཤོག་འཕེན་སྲིད་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་༥་ནི་ཡུ་ཊ་མངའ་སྡེའི་འཐུས་མི་མཱི་ཊི་རོམ་ཎི་དང་ནེ་བྷ་ར་སི་ཁ་མངའ་སྡེའི་འཐུས་མི་བྷན་ས་སེ། མཱེན་མངའ་སྡེའི་འཐུས་མི་སཱུ་སན་ཀོ་ལིན་སི་དང་ཨ་ལ་སི་ཀ་མངའ་སྡེའི་འཐུས་མི་ལི་སི་མར་ཀོ་སི་ཀི པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འཐུས་མི་ཕེ་ཊི་ཊུ་མཱི་བཅས་ཡིན་ཞིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་བསམ་བློ་གུ་ཡངས་ཀྱི་སྒོ་ནས་འོས་ཤོག་འཕེན་ཆོག་ཅེས་བསྒྲགས།།

ཉེ་ཆར་ཝ་ཡོ་མཱིང་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་བྷ་ར་སོས་བཤད་པ་ལྟར་ན། སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཆེ་བར་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་འདོད་མེད་ཀྱང་ཁྲིམས་ལ་སྦྱོར་འདོད་ཀྱང་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཆེ་བས་སྲིད་འཛིན་ཟུར་པ་ཞིག་ལ་གྲོས་ཚོགས་ཀྱིས་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་རྩ་ཁྲིམས་ཀྱི་དགོངས་དོན་ལ་འགལ་འདུག་ཅེས་ལངས་ཕྱོགས་འཛིན་འགོ་ཚུགས་སོང་། ད་ལྟ་ཌོ་ནལ་ཊམ་སྲིད་འཛིན་ཟུར་པ་དང་སྤྱི་དམངས་ཤིག་ཡིན་པས་ངན་སྐུལ་གྱེན་ལོག་གི་ནག་ཉེས་ཡོད་མེད་སྤྱི་དམངས་ཁྲིམས་ཁང་ལ་ཁྲིམས་བཤེར་བྱེད་དུ་འཇུག་དགོས། ཌོ་ནལ་ཊམ་གྱི་ཁྲིམས་བཤེར་དེར་གྲོས་ཚོགས་གོང་མས་ལག་པ་འཆང་མི་དགོས་པ་བྱ་དགོས་ཞེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་འདུག ཁོ་ཚོའི་གྲས་སུ་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་ཉུང་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་ཡང་ཚུད་ཡོད་པར་མ་ཟད། ཨ་མི་རི་ཀའི་ཁྲིམས་ལུགས་མཁས་པ་ཚོས་ཀྱང་སྲིད་འཛིན་ཟུར་པ་ཞིག་ལ་གྲོས་ཚོགས་ཀྱིས་ཁྲིམས་བཤེར་བྱེད་ཆོག་མིན་ལྟ་ཚུལ་མ་འདྲ་བ་གླེང་། ཨ་རིའི་རྩ་ཁྲིམས་སུ་སྲིད་འཛིན་ཟུར་པ་ཞིག་ལ་གྲོས་ཚོགས་ཀྱིས་ཁྲིམས་བཤེར་བྱེད་ཆོག་མིན་གསལ་ཁ་གཏད་མེད་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཌོ་ནལ་ཊམ་འཕོ་འགྱུར་མ་སོང་གོང་དེར་གྱེན་ལོག་ངན་སྐུལ་བྱས་པ་རེད། དེར་བརྟེན་ཁོ་པ་སྲིད་འཛིན་ལས་ཐོག་ཡིན་པའི་སྐབས་དེར་གྲོས་ཚོགས་འོག་མས་ངན་སྐུལ་གྱེན་ལོག་གི་ཉེས་འཛུགས་བྱས་པ་རེད། དེས་ན་ཨ་རིའི་གྲོས་ཚོགས་གོང་མས་ཌོ་ནལ་ཊམ་ལ་ཁྲིམས་བཤེར་བྱ་དགོས་ཞེས་རྒྱུ་མཚན་བགྲངས།།

དམངས་གཙོ་ཚོགས་པའི་ཁྲིམས་སྦྱོར་བ་ཚོ།
དམངས་གཙོ་ཚོགས་པའི་ཁྲིམས་སྦྱོར་བ་ཚོ།

ཕྱི་ཟླ་༢་པའི་ཚེས་༩་ནས་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཁྲིམས་བཟོ་བ་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ངན་སྐུལ་གྱེན་ལོག་བྱས་པ་དང་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱེད་དུ་བཅུག་པ། ཌོ་ནལ་ཊམ་གྱིས་ཨ་རིའི་ཁྲིམས་མཐུན་དང་དྲང་སྙོམས་ཀྱི་དམངས་གཙོའི་འོས་འདེམས་གྲུབ་འབྲས་ལ་དྲག་ཟིང་བསླངས་ནས་བརྩི་མེད་གཏོང་དུ་འཇུག་ཐབས་བྱས་པ། ཌོ་ནལ་ཊམ་གྱི་གཏམ་བཤད་ཁག་དང་ཊོས་ཊར་དྲྭ་ལམ་དུ་སྤེལ་བའི་འཕྲིན་ཐུང་ཁག ཨ་རིའི་གྲོས་ཚོགས་ལ་གཏོར་བཅོམ་བྱས་ནས་འཛིན་བཟུང་བྱས་པའི་མི་ཚོས་ཌོ་ནལ་ཊམ་གྱི་སྐུལ་སློང་ལྟར་ཕྱི་ཟླ་དང་པོའི་ཚེས་༦་ཉིན་དྲག་ཟིང་བསླངས་པ་ཡིན་ཞེས་ངོས་ལེན་བྱས་པའི་དཔང་རྟགས་རྣམས་གྲོས་ཚོགས་གོང་མར་འཕུལ་ནས་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་པའི་རྩོད་པ་རྒྱག་རྒྱུ། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་སྲིད་འཛིན་ཟུར་པ་དེས་ཐད་ཀར་ཨ་རིའི་གྲོས་ཚོགས་ལ་དཔུང་འཇུག་བྱ་དགོས་ཞེས་ངལ་སྐུལ་བྱས་མེད། ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ་ཌོ་ནལ་ཊམ་ལ་འབྲེལ་བ་མེད་པ། ཁོ་པས་གཏམ་བཤད་བྱས་པ་དང་འཕྲིན་ཐུང་སྤེལ་བ་རྣམས་ནི་ཨ་རིའི་རྩ་ཁྲིམས་སུ་འཁོད་པའི་གཏམ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་པ་རེད་ཅེས་རྩོད་པ་རྒྱག་འཆར་ཡོད་པའི་གནས་ཚུལ་ཐོན། ཐོག་མར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་ཁྲིམས་རྩོད་པ་ཚོར་འོས་འདེམས་དྲང་སྙོམས་བྱུང་མེད་པ་དང་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱུང་སོང་ཞེས་རྩོད་པ་རྒྱག་དགོས་ཞེས་ཨུ་ཚུགས་བརྒྱབ། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་རྒྱག་ས་མི་འདུག་ཅེས་དགག་པ་བརྒྱབ་ནས་ཁྲིམས་རྩོད་པ་ཚོས་དགོངས་པ་ཞུས་ཡོད་པ་རེད།།

དམངས་གཙོ་ཚོགས་པའི་ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དམངས་གཙོའི་འོས་འདེམས་ཀྱི་གྲུབ་འབྲས་ཤིག་ལ་ངོས་ལེན་བྱེད་ཀྱི་མེད་པ་ནི་རྩ་ཁྲིམས་ལ་རྒྱབ་འགལ་དང་ནོར་འཁྲུལ་ཆེན་པོ་ཞིག་རེད། ཨ་མི་རི་ཀ་སྔོན་ཆད་བྱུང་མྱོང་མེད་པའི་ཉེན་ཚབས་ཅན་གྱི་ལམ་ཕྱོགས་ཤིག་ལ་འཁྲིད་སྲིད་ཅེས་རྩོད་པ་རྒྱག་རྒྱུའི་དོན་ཚན་ཞིག་གྲ་སྒྲིག་བྱས་འདུག སྔ་ལོ་སྲིད་འཛིན་ཊམ་གྱིས་འོས་འདེམས་དྲང་སྙོམས་བྱུང་མ་སོང་། འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱས་སོང་ཞེས་རྩོད་པ་བརྒྱབ་ཀྱང་རྫོང་རིམ་པ་ནས་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་གཏུག་ཐེངས་༦༠་བྱས་ཀྱང་ཁ་མཆུ་ཐེངས་༥༨་ཤོར། ཁོ་པར་ཁ་མཆུ་ཐེངས་གཉིས་ཐོབ་པ་ནི་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་རྣམས་འོས་ཤོག་གྲངས་བཤེར་བྱ་རྒྱུ་ཁག་ཏུ་རྟོག་ཞིབ་ལ་ཡོང་ཆོག་པ་དང་ས་གནས་ཁག་ཅིག་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་དགོས་ཟེར་བ་གཉིས་ཡིན་འདུག ཌོ་ནལ་ཊམ་གྱིས་ཁྲིམས་རྩོད་པ་ཚོར་འོས་འདེམས་དྲང་སྙོམས་མ་བྱུང་བ་དང་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱུང་བའི་དཔང་རྟགས་སྣ་གཅིག་སྟོན་རྒྱུ་མ་རྙེད། མཐར་ཌོ་ནལ་ཊམ་གྱིས་དམག་ཁྲིམས་བསྡམས་ནས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་རྒྱུའི་ལྐོག་ཇུས་བཤམས་ཀྱང་ཨ་རིའི་དམག་གིས་དེ་ལ་རྒྱབ་སྐྱོར་མ་བྱས་པར་སྲིད་དབང་རྩིས་སྤྲོད་མ་བྱས་ཐབས་མེད་བྱུང་། ད་ལྟ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་སླར་ཡང་སྔ་ལོའི་འོས་འདེམས་དྲངས་སྙོམས་བྱུང་མེད་པ་དང་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱུང་སོང་ཞེས་རྩོད་པ་བརྒྱབ་ཚེ། ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་འདོད་མེད་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་རྒྱུ། ཁོ་ཚོ་ཚང་མས་སྔ་ལོའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་སོང་། འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱས་པའི་དཔང་རྟགས་གང་ཡང་མི་འདུག ཇཱོ་བྷ་ཌན་ཨ་རིའི་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཁྲིམས་མཐུན་གྱི་སྲིད་འཛིན་རེད་ཅེས་ངོས་ལེན་བྱས་ཟིན་ཡོད་པ་རེད།།

XS
SM
MD
LG