ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཡུཀ་རེན་གྱི་སྲིད་འཛིན་ཡུ་རོབ་མཉམ་འབྲེལ་ལ་འཚམས་འདྲིར་ཕེབས་འཆར། 


༄༅།། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཟའ་ཕུར་བུའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་ནས་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་དེའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༧་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོར་གཏམ་བཤད་གནང་རྒྱུའི་འཆར་གཞི་ཡོད་ཀྱང་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཞིབ་ཕྲའི་གནས་ཚུལ་གསལ་བསྒྲགས་བྱེད་ཀྱི་མེད་ཅིང་། ཡུ་རོབ་མཉམ་འབྲེལ་གྱི་སློབ་སྟོན་གཙོ་འཛིན་ཆལ་སི་མི་ཤཱེལ་གྱིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཆེས་མཐོའི་ཚོགས་ཆེན་ལ་དངོས་སུ་ཞུགས་དགོས་པའི་མགྲོན་འབོད་བྱས་པ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ཡང་ཞིབ་ཕྲའི་གནས་ཚུལ་མ་འཁོད། གཟའ་ཟླ་བའི་དགོང་མོར་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལ་བྷས་སྲིད་འཛིན་ཛེ་ལན་སི་ཀི་རྒྱལ་ཁབ་མང་པོ་ཞིག་ལ་འཚམས་འདྲིར་ཕེབས་སྲིད་པའི་གྲ་སྒྲིག་བྱེད་ཀྱི་ཡོད། སྲིད་འཛིན་ཛེ་ལན་སི་ཀི་རྒྱལ་ཁབ་གང་གང་ལ་ཕེབས་ཀྱི་ཡོད་མེད་དང་དུས་ཚོད་སོགས་སྲིད་འཛིན་དང་སྲིད་འཛིན་ལས་ཁུངས་ནས་ཕྱིར་བསྒྲགས་བྱེད་ཀྱི་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གལ་སྲིད་གཟའ་ཕུར་བུའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཡུ་རོབ་ལ་ཕེབས་ན་ཨུ་རུ་སུས་བཙན་འཛུལ་བྱུང་བའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀི་རང་ཡུལ་ནས་ཕྱི་ལ་བསྐྱོད་པ་ཐེངས་གཉིས་པ་དེར་འགྱུར་གྱི་ཡོད་པ་སྟེ། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་ཛེ་ལན་སི་ཀི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཏེ་སྲིད་འཛིན་བྷ་ཌན་ལ་མཇལ་འཕྲད། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་གཏམ་བཤད་གནང་ནས་ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་མང་དུ་གཏོང་དགོས་པའི་འབོད་སྐུལ་ཞུ། ཟླ་བ་སྔོན་མར་ཨ་མི་རི་ཀས་ཡུཀ་རེན་ལ་ཨེབ་རེམ་སི་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རོགས་རམ་སྤྲོད་རྒྱུའི་ཐག་བཅད། དེ་ནས་སྲིད་འཛིན་ཛེ་ལི་སི་ཀིས་ཨ་རིའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་མཚོ་འོག་དམག་གྲུ་སོགས་རོགས་རམ་སྤྲོད་དགོས་ཞེས་སླར་ཡང་དགོས་འདུན་བཏོན། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་དྲངས་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་ཡིན་འདུག

སྲིད་འཛིན་ཛེ་ལན་སི་ཀི་རྒྱལ་ཁབ་༢༧་གྱི་སྒྲིག་འཛུགས་ཡུ་རོབ་མཉམ་འབྲེལ་རྒྱལ་གྱི་རྒྱལ་སར་ཕེབས་ཀྱི་ཡོད་པ་དེའི་དམིགས་ཡུལ་ནི་མ་འདྲ་བ་ཞིག་ཡིན་ཞིང་། གཟའ་འཁོར་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་ཡུཀ་རེན་ལ་འཚམས་འདྲིར་ཕེབས་པའི་སྐབས་དེར་སྲིད་འཛིན་ཛེ་ལན་སི་ཀིས་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱ་དགོས། ཨུ་རུ་སུས་བཙན་འཛུལ་དམག་འཁྲུག་བསླངས་ནས་ཡུཀ་རེན་གྱི་དཔལ་འབྱོར་ཉམས་དམས་སུ་བཏང་བ་དང་ཡུཀ་རེན་གྱི་བཙན་བྱོལ་བ་ས་ཡ་༤་ལྷག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཁྱར་ཡོད་པ་དེ་དག་ལ་ལྟ་རྟོག ཡུཀ་རེན་མྱུར་ལམ་བརྒྱུད་ནས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་དགོས་པའི་ནན་བརྗོད་བྱས་འདུག ཨུ་རུ་སུའི་བཙན་འཛུལ་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དཔལ་འབྱོར་རོགས་རམ་དང་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུ་ནས་རྡོ་སྣུམ་དང་སོལ་རླངས་ནང་འདྲེན་བྱ་རྒྱུ་མཚམས་འཇོག ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་བཅད། སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་རྒྱལ་ཁབ་ཁག་གིས་སྔར་ལས་ལྷག་པའི་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ཞེས་བསྐུལ། སྔ་ལོའི་ཕྱི་ཟླ་༦་པའི་ནང་དུ་ཡུཀ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་འོས་མིའི་ཁོངས་སུ་བཅུག གཟའ་འཁོར་སྔོན་མའི་འཚམས་འདྲིའི་སྐབས་སུ་ཡུ་རོབ་མཉམ་འབྲེལ་གི་འགོ་ཁྲིད་ཚོས་ཡུཀ་རེན་ལ་མྱུར་ལམ་བརྒྱུད་ནས་སྒྲིག་འཛུགས་དེའི་ཁོངས་སུ་ཚུད་ཐབས་མེད་པའི་ལན་འདེབས་གསལ་པོ་བྱས་འདུག ཡུཀ་རེན་གྱི་བུ་ལོན་སྤྲོད་འཇལ་ཐུབ་པ་དང་དམག་འཁྲུག་རྗེས་ཀྱི་འཛུགས་སྐྲུན་སོགས་ལ་ཨ་སྒོར་དུང་ཕྱུར་ཁྲི་ཚོ་མང་པོའི་དཔལ་འབྱོར་རོགས་རམ་དགོས་ངེས་སུ་གྱུར་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༧་ཉིན་ཡུ་རོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལངས་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་ཡུ་སྒོར་དུང་ཕྱུར་༡༢༠་ཐམ་པའི་དམག་དོན་རོགས་རམ་དང་ཡུ་སྒོར་དུང་ཕྱུར་༣༨༠་ཐམ་པའི་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར། ཡུ་སྒོར་དུང་ཕྱུར་༡༠་ཐམ་པ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འབྱོར་བའི་ཡུཀ་རེན་གྱི་བཙན་བྱོལ་བ་ཚོར་རོགས་སྐྱོར་བཅས་ཁྱོན་བསྡོམས་ལོ་གཅིག་གི་ནང་དུ་ཡུ་གོར་དུང་ཕྱུར་༦༠༠་ཐམ་པའི་རོགས་རམ་སྤྲད། པོ་ལན་ཌི་དང་འཇར་མན་ཎི་སོགས་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གང་མགྱོགས་ཡུཀ་རེན་ལ་གཟིག་རྟགས་གཉིས་པའི་ལྕགས་ཁྲབ་འཁོར་ལོ་གཏོང་རྒྱུའི་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོར་དམག་འཁྲུག་གི་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ཡོད། ང་ཚོར་རྒྱང་སྙོབ་མཚོན་ཡོད་ན་རྒྱལ་ཁ་མྱུར་དུ་ཐོབ་ཐུབ། ང་ཚོར་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་ཤེས་ཀྱི་ཡོད། ཨུ་རུ་སུས་ཤེས་པ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་ཤེས་ཀྱི་ཡོད་པ་རེད་ཅེས་གཏམ་བཤད་བྱས་འདུག གཟའ་འཁོར་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཨུར་སུ་ལ་ཝེན་ཌར་ལེ་ཡན་དང་ཆལ་སི་མི་ཤཱེལ་གཉིས་ཡུཀ་རེན་ལ་ཕེབས་ནས་ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་ཆེས་མཐོའི་ལོ་འཁོར་ཚོགས་འདུ་ཚོགས། དུས་རབས་སྔོན་མའི་ལོ་རབས་༩༠་པ་ནས་ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་འགོ་ཁྲིད་ཚོ་ལོ་ལྟར་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་རྒྱལ་སར་ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་ཆེས་མཐོའི་ཚོགས་འདུ་ཚོགས་པ་ཐེངས་དང་པོ་ཡིན་ཞིང་། ལྷག་པར་དུ་དམག་འཁྲུག་གི་ཛ་དྲག་དུས་སུ་ཡུཀ་རེན་གྱི་ས་ཐོག་ཏུ་ཚོགས་པ་ནི་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་ཐུབ།།

དེ་རིང་གཟའ་མིག་དམར་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་གྱི་ཡོད་པའི་སྐབས་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་མི་འབུམ་༥་ཡས་མས་ཤིག་ས་མཚམས་སུ་བཀྲམ་སྟེ་སླར་ཡང་ཡུཀ་རེན་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱ་རྒྱུའི་གནས་ཚུལ་ཐོན་འདུག ལུ་ཧན་ཛིཀ་མངའ་ཁུལ་གྱི་དམག་གི་འགོ་ཁྲིད་སར་ཧི་ཧེ་དྷེས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དམག་གིས་མཚོན་ཆ་དང་མདེའུ་གསོག་འཇོག ཁོ་ཚོས་སྔོན་ཆད་མཚོན་ཆ་དང་མདེའུ་ཆུད་ཟོས་སུ་གཏོང་གི་ཡོད་ཀྱང་དེང་སྐབས་མདེའུ་བསྲི་ཚགས་བྱས་ཏེ་དཔུང་འཇུག་ཆེན་པོ་ཞིག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ཨུ་རུ་སུའི་གཞུང་དམག་དང་དྲག་ཆེས་ཉེན་རྟོག་པ་རྣམས་མ་བརྩིས་པར་གསར་དུ་དམག་ཁྲལ་བསྡུས་པའི་འཐབ་མོ་བ་ཁྲི་ཚོ་མང་པོ་ཡུཀ་རེན་གྱི་ཤར་ཕྱོགས་སུ་འདྲེན་གྱི་ཡོད་པས་དམག་མིའི་གྲངས་འབོར་དེ་ཉེན་ཁ་ཆེན་པོ་རེད། ང་ཚོས་དེ་ལ་ཁ་གཏད་གཅོག་པར་མི་རྒྱུ་གཉིས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་བཀོལ་དགོས་ཀྱི་འདུག ཨུ་རུ་སུའི་དམག་དཔུང་ཚད་མེད་པ་ཞིག་མིན་རུང་ཧ་ཅང་པོ་རེད་ཅེས་བསྟན། ཡུཀ་རེན་གྱི་སྲིད་འཛིན་དང་རྒྱལ་སྲུང་བློན་ཆེན་སོགས་ཀྱིས་ཨུ་རུ་སུས་དཔུང་འཇུག་གསར་པ་ཞིག་མ་བྱས་གོང་དུ་ཨ་རི་དང་འཇར་མན་ཎི་སོགས་ཡུ་རོབ་རྒྱལ་ཁབ་ཁག་གིས་མཚོན་ཆ་རོགས་རམ་མྱུར་དུ་སྤྲོད་དགོས་འབོད་སྐུལ་ཞུས་ཤིང་། འདས་པའི་ཟླ་བ་མང་པོར་ཨུ་རུ་སུའི་དམག་གིས་བྷ་ཧ་མུ་ཏ་གྲོང་ཁྱེར་ལ་གཏོར་རྒོལ་བྱས་ནས་ལེན་ཐབས་བྱས་མོད། འོན་ཀྱང་ཡུཀ་རེན་གྱི་དམག་གིས་འགོག་རྒོལ་བྱས་ནས་ཨུ་རུ་སུའི་དམག་གིས་གྲོང་ཁྱེར་དེ་ལེན་མ་ཐུབ། བྷ་ཧ་མུ་ཏ་གྲོང་ཁྱེར་བྱང་ཕྱོགས་སུ་སོ་ལེ་ཌར་ཞེས་ཚ་གཏེར་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཡོད་པ་དེ་ཨུ་རུ་སུའི་དམག་གིས་ལེན་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་མིག་དམར་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུར་ཡུཀ་རེན་ལ་སླར་ཡང་དཔུང་འཇུག་ཆེན་པོ་ཞིག་བྱེད་ཐུབ་པའི་མཚོན་ཆ་དང་དམག་གི་སྟོབས་ཤུགས་མི་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༢་པའི་ཚེས་༧་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་དཔུང་མདུན་སྐྱོད་བྱ་དགོས་པའི་བཀའ་གཏོང་གི་ཡོད་པ་དང་བདུན་ཕྲག་རྗེས་མ་ཡས་མས་སུ་ཨུ་རུ་སུས་དཔུང་འཇུག་བྱེད་སྲིད། ཡིན་ནའང་ཨུ་རུ་སུའི་དམག་གིས་རྒྱལ་ཕམ་རྟིང་ཐག་ཆོད་པའི་འཐབ་འཁྲུག་ཅིག་རྒྱག་ཐུབ་རྒྱུ་ཁག་པོ་རེད། ཨུ་རུ་སུའི་དམག་དཔུང་གཟའ་འཁོར་རེར་ས་ཆ་མི་ཊར་བརྒྱ་ཕྲག་འགའ་རེར་མ་གཏོགས་མདུན་སྐྱོད་བྱེད་ཐུབ་ཀྱི་མི་འདུག འདི་ནི་ཨུ་རུ་སུའི་དམག་ལ་མདེའུ་དང་མཚོན་ཆ། དམག་མི་འདང་ངེས་མེད་པའི་རྟགས་མཚན་རེད། ཨུ་རུ་སུའི་འགོ་ཁྲིད་ཚོས་མདུན་སྐྱོད་བྱ་དགོས་པའི་བཀའ་གཏོང་གི་ཡོད་ཀྱང་ས་གནས་ས་ཐོག་ཏུ་དམག་དཔུང་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་གནས་ཚུལ་སྤེལ་འདུག ༢༠༢༣་གྱི་མགོ་སྟོད་འདིར་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་ཀྱི་ཡོང་འབབ་བརྒྱ་ཆ་༥༠་ཡས་མས་ཉུང་དུ་སོང་། ཕྱི་ཟླ་དང་པོའི་ནང་དུ་ཨུ་རུ་སུའི་འགྲོ་གྲོན་དང་ཡོང་འབབ་གཉིས་ཨ་སྒོར་དུང་ཕྱུར་༢༥༠་ཐམ་པ་ཁ་མཚུངས། ཨུ་རུ་སུས་དམག་དོན་འགྲོ་གྲོན་ཅི་ཙམ་མང་དུ་གཏོང་ཐབས་བྱས་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ཙམ་གྱིས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་དཔལ་འབྱོར་ཡོང་འབབ་འདུ་འགོད་བྱེད་དཀར་བར་གྱུར། ད་ལྟ་ཨུ་རུ་སུར་རྒྱ་ནག་དང་རྒྱ་གར་མ་གཏོགས་རྡོ་སྣུམ་ཕྱིར་ཚོང་བྱ་ཡུལ་མེད་པ་དང་རྒྱ་དཀར་ནག་གཉིས་ལ་ཨུ་རུ་སུའི་རྡོ་སྣུམ་ལྕགས་ཟོམ་རེར་ཨ་སྒོར་༤༩་དང་ཕྱེད་ཀ་བྱས་ནས་རིན་གོང་བཅག་སྟེ་བཙོང་དགོས་ཐུག་གི་ཡོད་པར་མ་ཟད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་དཀར་ནག་གཉིས་ལ་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་ཨུ་རུ་སུའི་གཞུང་གིས་རྡོ་སྣུམ་ལྕགས་ཟོམ་རེར་ཨ་སྒོར་༧༠་ཐམ་པའི་རྩིས་བརྒྱབ་ནས་གཞུང་གི་དངུལ་རྩིས་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG