ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཛེ་ལན་སི་ཀི་དང་བྷ་ཌན་གྱིས་ཨུ་རུ་སུའི་གྱེན་ལོག་སོགས་ལ་གྲོས་མོལ། 


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ཨུ་རུ་སུར་ལམ་ལྷོངས་མ་བྱུང་བའི་གྱེན་ལོག་ཅིག་བྱུང་བ་དང་ཡུཀ་རེན་གྱི་ཕ་རྒོལ། ནུབ་ཆིངས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་གྲབས་ཡོད་པ་བཅས་ལ་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༢༥་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གཟའ་མཇུག་དེར་ཨུ་རུ་སུའི་གླས་དམག་གི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱས་ནས་ཨུ་རུ་སུར་ཟིང་ཆ་ཆེན་པོ་ལངས། སྲིད་འཛིན་བྷ་ཌན་དང་ཛེ་ལན་སི་ཀི་གཉིས་ཀྱིས་ཁ་པར་ནང་དུ་གནད་དོན་དེར་གྲོས་མོལ་དང་ཨ་མི་རི་ཀས་མུ་མཐུད་དུ་ཡུཀ་རེན་ལ་བདེ་འཇགས་སྲུང་སྐྱོབ་དང་དཔལ་འབྱོར། མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ཟློས་བྱས་པ་རེད་ཅེས་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ངས་སྲིད་འཛིན་བྷ་ཌན་ལ་ཨུ་རུ་སུར་ཟིང་ཆ་ལངས་ཡོད་པ་དང་ཡུཀ་རེན་ལ་རྒྱང་སྙོབ་མཚོན་ཆ་དགོས་ཀྱི་ཡོད་པ་སོགས་ལ་གྲོས་མོལ་བྱས་པ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

Japan G7 Summit
Japan G7 Summit

ཁེ་ན་ཌའི་སྲིད་བློན་ཊུ་རུ་ཌོས་ཀྱང་ཡུཀ་རེན་གྱི་སྲིད་འཛིན་ལ་ཨུ་རུ་སུའི་གནས་སྟངས་སྐོར་གྲོས་མོལ་བྱས་ཤིང་། དེ་བཞིན་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་དམག་ས་ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཕྱོགས་སུ་དཔུང་སྐྱོད་བྱས་ཐུབ་ཡོད་པར་བལྟས་ཚེ། ཕུ་ཊིན་དང་ཨུ་རུ་སུའི་དམག་འགོ་ཁྲིད་ཚོའི་སྟོབས་ཤུགས་ཉམས་ཡོད་པ་ར་འཕྲོད། ཨུ་རུ་སུའི་ནང་ཁུལ་དུ་འགལ་ཟླ་ཆེན་པོ་ཡོད་པ་ཤེས་ཐུབ། ངས་ཆུ་ཚོད་རེ་རེ་བཞིན་ཨུ་རུ་སུའི་ནང་གི་འགྱུར་ལྡོག་དེ་ཚོར་དོ་སྣང་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་བཅར་འདྲིར་ལན་བཏབ། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁིན་གྱིས་ཨུ་རུ་སུའི་ནང་ཁུལ་དུ་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་ཕུ་ཊིན་གྱིས་འགལ་ཟླ་དེ་ཚོ་སེལ་ཐུབ་རྒྱུ་ཁོག་པོ་རེད། ཨུ་རུ་སུར་ནང་འཁྲུག་ལངས་ནས་མགོ་བོ་འཁོར། ཡུཀ་རེན་གྱིས་ཕར་རྒོལ་བྱེད་ཀྱི་ཡོད་པར་ནུས་པ་ཆེ་རུ་འགྲོ་ཤས་ཆེ་ཞེས་ཨེན་བྷི་སི་དང་ཨེ་བྷི་སི་གསར་འགྱུར་ལས་ཁང་གཉིས་ཀྱི་བཅར་འདྲིའི་སྐབས་སུ་ལེན་འདེབས་བྱས་འདུག

ཁ་སྔོན་སྤེན་པའི་དགོང་མོར་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་གཉིས་མགོ་རྟིང་སློག་རྒྱུ་ཡིན། ཨུ་རུ་སུའི་གཞུང་གིས་ཝེ་གྷ་ནར་གླས་དམག་ཚོགས་པར་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་ཡུཀ་རེན་གྱི་དམག་ས་ཁག་ནས་དམག་དཔུང་ཕྱིར་འཐེན། ཁོ་ཚོས་ཨུ་རུ་སུའི་གྲོང་ཁྱེར་གཉིས་བླངས། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་རྒྱལ་ས་མོ་ཀོར་སླེབས་པར་སྤྱི་ལེ་༢༠༠་ལས་མེད་པའི་མཚམས་སུ་དཔུང་སྐྱོད་བྱས། ཕུ་ཊིན་གྱིས་གྱེན་ལོག་པ་ཚོར་ཁྲིམས་གཅོད་དྲག་པོ་བྱ་དགོས་ཞེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བཀའ་ཕབ། ཕྱིས་སུ་བྷེ་ལོ་རུ་སུའི་སྲིད་འཛིན་ལུ་ཁ་ཤན་ཀོས་བར་འདུམ་བྱས་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་རྒྱལ་ས་མོ་སི་ཀོར་དཔུང་སྐྱོད་བྱ་རྒྱུ་མཚམས་བཞག པ་རི་གྷོ་ཞིན་དང་གྱེན་ལོག་པ་གླས་དམག་རྣམས་ཉེས་ཡངས་གཏོང་རྒྱུ། པ་རི་གྷོ་ཞིན་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སུར་རྒྱང་ཕུད་གཏོང་རྒྱུ་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་ཨུ་རུ་སུའི་གཞུང་དམག་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་ཐག་བཅད།།

ད་ལྟ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཆུང་དུ་ཕྱིན་ཏེ་ནང་འཁྲུག་གི་ཉེན་ཁའང་འཇམ། ཡིན་ནའང་ཨུ་རུ་སུའི་མི་དམངས་ཀྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་ལ་རྒྱབ་སྐྱོར་ཀྱི་རྣམ་འགྱུར་བསྟན། ཁོ་པ་རྒྱང་ཕུད་གཏོང་ཡུལ་བྷེ་ལོ་རུ་སིའི་ས་ཐོག་ཏུ་ཁ་ཁུ་སིམ་པོར་འདུག་རྒྱུ་ཡིན་མིན། བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོ་དང་ཕུ་ཊིན་གཉིས་ཀྱིས་པ་རི་གྷོ་ཞིན་གྱི་བདེ་འཇགས་ལ་འགན་ལེན་བྱས་པ་ཁ་དན་ཚིག་ལ་གནས་རྒྱུ་ཡིན་མིན། ཕུ་ཊིན་གྱིས་ཨུ་རུ་སུར་དབང་བསྒྱུར་བརྟན་པོ་ཅི་ཙམ་བྱེད་ཐུབ་ཀྱི་ཡོད་མེད་རྣམས་དོགས་གཅོད་བྱ་དགོས་པའི་གནས་སུ་གྱུར། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་དང་ཨ་རིའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཊོན་གཉིས་ཀྱིས་ཨུ་རུ་སུའི་ཟིང་ཆའི་སྐོར་གྲོས་མོལ་བྱས་པར་མ་ཟད། ཨུ་རུ་སུའི་འགོ་ཁྲིད་ཚོའི་དབང་ཐང་ཉམས་ཟིན་ཡོད་པ་དང་ཡུཀ་རེན་གྱི་དམག་ས་ཁག་ནས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཕུ་ཊིན་ལ་གདམ་ཀ་ཡག་ཤོས་དེ་རེད་ཅེས་གླེང་སློང་བྱུང་བའི་གནས་ཚུལ་ཐོན་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་ནེའུ་ཡོག་དུས་བབ་ཚགས་པར་གཉིས་ཀས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཝ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གྱེན་ལོག་བྱ་རྒྱུའི་རྟགས་མཚན་འདུག་ཅེས་ཕྱི་ཟླ་༦་པའི་ཚེས་༢༤་ཉིན་ཕོ་བྲང་དཀར་པོ་དང་རྒྱལ་སྲུང་ལྷན་ཁང་། ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་འཐུས་མི་ཚོར་སྙན་སེང་ཞུས་འདུག དེ་ནི་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་གཞུང་ལ་ཡོངས་གྲགས་སུ་གྱེན་ལོག་མ་བྱས་པའི་ཉི་མ་གཅིག་གི་སྔོན་ལ་རེད་ཅེས་གནས་ཚུལ་སྤེལ། ཡུ་རོབ་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གི་ཨུ་རུ་སུའི་ཉམས་ཞིབ་མཁས་པ་སམ་གྷ་རཱིན་ནེས་འདས་པའི་ལོ་༢༣་ལ་ཕུ་ཊིན་གྱིས་སྲིད་དབང་བཟུང་སྟེ་མི་ཚོས་དབུགས་ཀ་ཁོག་ཏུ་བསྒོམས་པ་ཕྱི་རུ་ཐོན་པ་རེད། བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོས་བར་འདུམ་བྱ་དགོས་བྱུང་བ་ནི་ངོ་ཚ་དགོས་པ་རེད་ཅེས་བཀྲལ། སྲིད་དོན་ཉམས་ཞིབ་པ་ཨ་ལིཀ་ཛན་ཌར་ཇཱོ་ཀི་ཀས་ཉེ་དུས་ཤིག་ནས་ཕུ་ཊིན་དང་པ་རི་གྷོ་ཞིན་གཉིས་ལ་འགལ་ཟླ་བྱུང་། པ་རི་གྷོ་ཞིན་གྱིས་ཕུ་ཊིན་གློ་ལོག་པ་ཤེས་པའི་རྗེས་སུ་གྱེན་ལོག་བྱས་པ་འདྲ་ཞེས་སྨྲས།།

དབྱིན་ཇིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་རི་ཆར་ཌི་ཌན་ན་ཊས་
དབྱིན་ཇིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་རི་ཆར་ཌི་ཌན་ན་ཊས་

དབྱིན་ཇིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་རི་ཆར་ཌི་ཌན་ན་ཊས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་རྣམས་པ་རི་གྷོ་ཞིན་གྱི་རྗེས་སུ་འབྲངས་ནས་བྷེ་ལོ་རུ་སིར་ཕྱིན་ན་ཉེན་ཁ་ཆེ། ཁོ་ཚོས་བྷེ་ལོ་རུ་སིའི་ས་ཐོག་ནས་ཡུཀ་རེན་ལ་དཔུང་འཇུག་བྱ་སྲིད་ཅེས་གླེང་། ཁ་སང་ཕྱི་ཟླ་༦་པའི་ཚེས་༢༥་ཡི་ཉིན་གུང་ཡང་པ་རི་གྷོ་ཞིན་རང་ཡུལ་ནས་བྷེ་ལོ་རུ་སིར་འབྱོར་ཡོད་པའི་དཔང་རྟགས་མི་རྙེད། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་པ་རི་གྷོ་ཞིན་གྱི་རྗེས་སུ་འབྲངས་ནས་བྷེ་ལོ་རུ་སིར་བསྐྱོད་རྒྱུ་ཡིན་མིན། པ་རི་གྷོ་ཞིན་གྱིས་བྷེ་ལོ་རུ་སིའི་ས་ཐོག་ཏུ་སྔར་བཞིན་ཝེ་གྷ་ནར་གླས་དམག་ཚོགས་པར་བཀོད་འདོམས་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་རྒྱུ་ཡིན་མིན་སོགས་གསལ་པོ་མེད་ཅིང་། ཨུ་རུ་སུའི་གཞུང་དམག་གིས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་ལེན་མ་ཐུབ་པར་པ་རི་གྷོ་ཞིན་གྱི་གླས་དམག་གིས་ལོ་གཅིག་མ་ཟིན་ཙམ་ལ་འཐབ་འཁྲུག་དྲག་པོ་བརྒྱབ་ནས་བྷག་མུ་ཏ་གྲོང་ཁྱེར་བླངས་ནས་བྱས་རྗེས་བཞག

ད་ལོའི་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་ཨུ་རུ་སུའི་ཕྱོགས་གཏོགས་དམག་དོན་དྲྭ་ལམ་གསར་འགོད་པ་སེ་མོན་ཕེ་གྷོབ་ཀྱིས་པ་རི་གྷོ་ཞིན་ལ་བཅར་འདྲི་ཞུས་ཤིང་། པ་རི་གྷོ་ཞིན་གྱིས་ང་ཚོར་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་མདེའུ་སྤྲོད་ཀྱི་མི་འདུག ང་ཚོས་གྱེན་ལོག་བྱས་ནས་རྒྱལ་ས་མོ་སི་ཀོར་དཔུང་འཇུག་བྱ་རྒྱུ་དང་སྲིད་དབང་འཕྲོག་གི་རེད་བསམས་ནས་དོགས་པ་བྱེད་ཀྱི་ཡོད་པ་འདྲ། ཁོ་ཚོས་དོགས་པ་བྱེད་ཀྱི་ཡོད་པ་དེ་ཁྱད་མཚར་ཞིག་རེད། ང་ལ་ནི་དེ་འདྲའི་ཧམས་སེམས་ཤིག་གཏན་ནས་མེད་ཅེས་གསར་འགོད་པར་གླེང་མོལ་བྱས་མོད། འོན་ཀྱང་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་བྷག་མུ་ཏ་གྲོང་ཁྱེར་བླངས་པའི་རྗེས་སུ་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་ས་གནས་ཁག་གི་གསར་འགོད་པ་ཚོར་སྐད་ཆ་ཡང་ཡང་བཤད། ཁོ་པར་ཆབ་སྲིད་ཀྱི་ཧམ་སེམས་ཆེན་པོ་ཡོད་པ་ཕྱི་རུ་མངོན། པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཝེ་གྷ་ནར་གླས་དམག་ཚོགས་པར་གཏོར་རྒོལ་བྱེད་གྱི་འདུག་ཅེས་ནག་ཉེས་བཙུགས། གཟའ་ཉི་མའི་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་རྒྱལ་སྲུང་བློན་ཆེན་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་གཉིས་ལ་འཕོ་འགྱུར་བཏང་མེད། སྲིད་འཛིན་ཕུ་ཊིན་གྱིས་སྔར་བཞིན་རྒྱལ་སྲུང་བློན་ཆེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ཅེས་བསྒྲགས།།

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གྱེན་ལོག་བྱུང་བར་རྒྱ་ནག་བློ་འཚབ་ཆེན་པོ་བྱུང་ཡོད་པར་སྣང་། ཕྱི་ཟླ་༦་པའི་ཚེས་༢༦་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་གི་ཟུང་འབྲེལ་སློབ་དཔོན་ཆོང་ཅ་ལན་ནས་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་བསློགས། ཨུ་རུ་སུ་ཁ་འཐོར་དགུ་འཐོར་དུ་གྱུར་ན་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ལྡོག་ཏུ་མེད་པས་ཞིས་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་ཚོས་བློ་འཚབ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག་ཅེས་བཤད། གཟའ་ཉི་མའི་དགོང་མོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུར་བྱུང་བའི་དོན་རྐྱེན་དེ་རྒྱལ་ཁབ་དེའི་ནང་སྲིད་རེད། ཨུ་རུ་སུ་ནི་རྒྱ་ནག་གི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཤིག་ཡིན། ཨུ་རུ་སུར་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་གཏོང་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་སྤེལ། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཕུ་ཊིན་དང་ཞིས་ཅིན་ཕིང་གཉིས་ཐེངས་༤༠་ཐམ་པར་ཐུག ཁོ་ཚོས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་སྲ་བརྟན་བཏང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG