ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༢

ཨ་རིས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༩༠་ཉུང་དུ་སོང་། 


༄༅།། ད་ལོའི་ཕྱི་ཟླ་༢་པའི་ནང་དུ་ཨ་མི་རི་ཀས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་ཨ་སྒོར་ས་ཡ་གཅིག་གི་དམན་ཆད་དུ་ལྷུང་། ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱ་རྒྱུ་འགོག་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ཟླ་བ་༨་ཕྱིན་པའི་རྗེས་སུ་ཨ་རིའི་ཁྲིམས་དེར་ནུས་པ་ཐོན་གྱི་ཡོད་པའི་རྣམ་པ་ཞིག་ཐོན། ཕྱི་ཟླ་༣་པའི་ཚེས་༢༡་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་སྔོན་མར་ཞིན་ཅང་ནས་ཨ་མི་རི་ཀར་ཨ་སྒོར་༤༩༧༤༤༠་ཐམ་པའི་དངོས་ཟོག་ཕྱིར་ཚོང་བྱས་ཤིང་། ལོ་འདིའི་ཕྱི་ཟླ་༢་པར་ཨ་མི་རི་ཀས་ཞིན་ཅན་ནས་དངོས་ཟོག་ནང་འདྲེན་བྱས་པ་དང་ལོ་སྔོན་མའི་ཕྱི་ཟླ་༢་པར་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱས་པ་གཉིས་བསྡུར་ན་འདི་ལོ་ཨ་མི་རི་ཀས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༩༠་ཐམ་པ་ཉུང་དུ་ཕྱིན་འདུག ཨ་མི་རི་ཀས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་ཉུང་དུ་ཕྱིན་པ་དེ་༢༠༡༧་ནས་བྱུང་མྱོང་མེད་པ་ཞིག་ཏུ་གྱུར། ༢༠༢༢་ལོའི་ཕྱི་ཟླ་༦་པའི་ནང་དུ་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཨ་མི་རི་ཀར་ནང་འདྲེན་བྱ་རྒྱུ་མཚམས་འཇོག་དགོས་པའི་བཅའ་ཁྲིམས་ལག་ལེན་བསྟར།།

རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་ཨ་མི་རི་ཀས་ཞིན་ཅང་ནས་སྲིན་བལ་དང་སྒོང་ལྡུམ་སོགས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། ༢༠༢༣་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཨ་མི་རི་ཀས་ཞིན་ཅང་ནས་ཨ་སྒོར་ས་ཡ་༦.༩༨་གྱི་དངོས་ཟོག་ནང་འདྲེན་བྱས་པ་དང་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༡༨་ཉུང་དུ་ཕྱིན་འདུག ཨ་མི་རི་ཀས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་ཉུང་དུ་ཕྱིན་པ་གཅིག་པུ་མིན་པ་སྟེ། ལོ་འདིའི་ཕྱི་ཟླ་༢་པའི་ནང་དུ་ཨ་མི་རི་ཀས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༣༡.༦་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་བ་སྔོན་མར་ཞིན་ཅང་ནས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ལྡབ་གཅིག་མང་དུ་ཕྱིན་མོད། འོན་ཀྱང་ཞིན་ཅང་གི་དཔལ་འབྱོར་ནི་རྒྱ་ནག་ནང་ཁུལ་ནས་མ་རྩ་བཙུགས་པ་དང་རྒྱ་ནག་དབུས་གཞུང་གིས་དཔལ་འབྱོར་རོགས་རམ་སྤྲད་པར་བརྟེན་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་ནས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་མང་དུ་གཏོང་འཆར་ཡོད་ཅེས་བསྒྲགས། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་འོག་མ་རོ་བྷར་ཊ་སིལ་ཝར་སི་ཡིས་༢༠༢༣་ལོར་ང་ཚོས་ཡུ་རོབ་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་སོགས་ལྟ་གྲུབ་མཐུན་པའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀ་ལྟར་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་འགོག་དགོས་པའི་སྐུལ་ལྕག་གཏོང་རྒྱུ་གཙིགས་སུ་འཛིན་རྒྱུ་ཡིན། ས་གནས་ཀྱི་ཚོགས་སྡེ་ཁག་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཇི་སྙེད་ཅིག་གིས་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་། ང་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ངོ་ཐག་བཅད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་དངོས་ཟོག་ཨ་རིའི་ཁྲོམ་རའི་ནང་དུ་ཡོང་རྒྱུ་འགོག་དགོས་ཞེས་ཧ་ཛིན་ཞིབ་འཇུག་ཁང་གི་བགྲོ་གླེང་སྐབས་སུ་གཏམ་བཤད་བྱས་འདུག

ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་ལག་ལེན་བསྟར་དགོས་པ་དང་བདུན་ཕྲག་སྔོན་མའི་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་རྒྱ་ནག་གི་དངོས་ཟོག་ཚང་མ་ས་ཁུལ་གང་ནས་བཏང་མིན་སྦྲག་གྲངས་འགོད་དགོས་པའི་ཐག་བཅད། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུ་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲྭ་ཚིགས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་དངོས་ཟོག་གི་འབྱུང་ཁུངས་སྦས་གསང་བྱེད་ཀྱི་འདུག དེར་བརྟེན་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་རྣམས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་མིན་རྩད་གཅོད་བྱེད་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཀོད། ཕྱི་ཟླ་༣་པའི་ཚེས་༣་གྱི་མཚམས་སུ་ཨ་མི་རི་ཀས་རྒྱ་ནག་ནས་ཨ་སྒོར་དུང་ཕྱུར་༩་དང་བྱེ་བ་༦་ལྷག་གི་དོ་པོ་༣༢༣༧་བཀག་སྡེ་བརྟག་དཔྱད་བྱ་དགོས་པར་མ་ཟད། དོ་པོ་༤༢༤་བཀག་པ་དང་དོ་པོ་༡༠༩༠་ཨ་མི་རི་ཀར་སྐྱེལ་འདྲེན་བྱེད་དུ་བཅུག ཨ་མི་རི་ཀས་འགོག་གི་ཡོད་པའི་དངོས་ཟོག་ཁོངས་སུ་གློག་ཆས་དང་གྱོན་ཆས། ལྷམ་དང་རས་ཆ། བཟོ་ལས་དང་དངོས་ཟོག་གི་རྒྱུ་ཆ་རྣམས་འདུས་ཡོད་པའི་གནས་ཚུལ་ཐོན།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་དངོས་ཟོག་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པ་དང་དངོས་ཟོག་གི་འབྱུང་ཁུངས་ལ་བརྟག་དཔྱད་བྱ་དགོས་པའི་ཁོངས་སུ་མ་ལེ་ཤི་ཡ་དང་ཝི་ཏེ་ནམ། ཐེ་ཝན་ཌི་དང་རྒྱ་ནག སིངྒ་ལ་རྣམས་ཀྱང་ཚུད་ཡོད་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་དངོས་ཟོག་རྣམས་གོང་འཁོད་རྒྱལ་ཁབ་ཁག་བརྒྱུད་ནས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དོགས་པ་ཤིན་ཏུ་ཆེ། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་འོག་མ་སིལ་ཝར་སི་ཡིས་ཞིན་ཅང་ལ་གདུག་རྩུབ་ཆེན་པོ་འབྱུང་གི་ཡོད་པ་ང་ཚོས་མཐོང་གསལ་རེད། གདུག་རྩུབ་ཀྱི་མུན་ནག་ཀྱང་མུ་མཐུད་དུ་འཐིབ་འདུག གལ་སྲིད་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་མ་བྱས་པར་དངོས་ཟོག་དེ་གཙང་མར་གྱུར་ཚེ། ཨ་མི་རི་ཀས་ཉེས་ཆད་གཅོད་པའི་ཐོ་གཞུང་ཁོངས་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཕྱིར་འཐེན་བྱེད་ཆོག ང་ཚོས་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་བྱས་ནས་སྲིན་བལ་གྱི་རྒྱུད་རྫས་ལ་བརྟགས་ཏེ་ཞིན་ཅང་གི་ཐོན་སྐྱེད་ཡིན་མིན་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བསྟན།།

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༨་ཉིན་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ཚོགས་ཏེ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གྷེ་ལ་གྷར་གྱིས་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་མི་དམངས་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ལ་དབྱེ་བ་འབྱེད་དགོས། ང་ཚོ་རྒྱ་ནག་མི་དམངས་ལ་འཁོན་སེམས་མེད། ཨ་མི་རི་ཀར་ཉེན་ཁ་འབྱུང་ས་རྒྱ་ནག་དམར་ཤོག་ཚོགས་པ་རེད། རྒྱ་ནག་མི་དམངས་རྣམས་དམར་ཤོག་ཚོགས་པའི་གཉའ་གནོན་དང་གདུག་རྩུབ་མྱོང་མཁན་རེད་ཅེས་བཀྲལ། དེ་བཞིན་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཀི་རི་ཤ་ན་མུར་ཐིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་ནི་ཚབས་ཆེན་ཞིག་རེད་ཅེས་ཚིག་འགག་བསྣན། རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་རེ་ཟུང་བཀག་ཉར་ཁང་དུ་སྡེབ་འགོག་བྱས་ནས་ངལ་རྩོལ་བཙན་བཀོལ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ། ཡུ་གུར་བའི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭ་ཁག་ཏུ་བསྡུས་ཏེ་རྒྱ་ཡིག་རྒྱ་སྐད་བསླབས། ཡུ་གུར་བའི་ཆོས་དང་རིག་གཞུང་། མི་རིགས་དེའི་སྐད་ཡིག་ལ་སོགས་པ་གཏན་ནས་སློབ་ཀྱི་མེད་པ་དང་བྱིས་པ་ཚོར་རང་ཉིད་རྒྱ་མི་རིགས་ཡིན་པའི་འདུ་ཤེས་ཤིག་སྐྲུན་གྱི་འདུག་ཅེས་སྐྱོན་འཛུགས་ཕོག

ཉེ་བའི་ལོ་ཤས་ཤིག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་ཨ་མི་རི་ཀས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་མི་རིགས་རྩ་མེད་ཀྱི་སྲིད་ཇུས་རེད་ཅེས་ཁ་རྡུང་བཏང་ཞིང་། ཨ་རིའི་གྲོས་ཚོགས་ཀྱིས་ངལ་རྩོལ་བཙན་བཀོལ་བཀག་སྡོམ་གྱི་ཁྲིམས་གཏན་འབེབས་བྱས་ཏེ་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་མེད་གསལ་བཤད་བྱ་དགོས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་མ་འོངས་པར་འཛམ་གླིང་ཡོངས་སུ་ལག་ལེན་བསྟར་ཤས་ཆེ། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་གོ་ལའི་ཁྱོན་དུ་ཁྱབ་སྤེལ་གཏོང་རྒྱུའི་ཉེན་ཁ་འདུག དེས་ན་ང་ཚོར་ཞིན་ཅང་ལ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ཐེར་འདོན་བྱ་དགོས་པའི་ལས་འགན་ཡོད། ཨ་རིའི་ཡུ་གུར་བ་གྷུལ་ཆཱེ་ར་ཧོ་ཇས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་རང་གི་ཉམས་མྱོང་རྣམས་བཤད། ཁོ་མོས་རྒྱ་གཞུང་གིས་མི་ས་ཡ་མང་པོ་བཙོན་དུ་བཅུག་སྟེ་བསད་ཀྱང་མིའི་རེ་བ་དང་ཕུགས་བསམ་རྣམས་འཇོམས་མི་ཐུབ། རྒྱ་གཞུང་གིས་ཉིན་ཞག་དུས་དྲུག་ཏུ་ལྟ་རྟོག་བྱས་ཀྱང་མིའི་བསམ་བློའི་ནང་དུ་ཅི་ཞིག་ཡོད་པ་ཤེས་མི་ཐུབ། ང་ཚོའི་རྒྱལ་ཁབ་ནི་ང་ཚོའི་སེམས་སུ་གསོན་པོར་གནས་ཡོད། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་དེ་བསྒྱུར་མི་ཐུབ་ཅེས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་ལན་འདེབས་བྱས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་གྷེ་ལ་གྷར་གྱིས་ང་ཚོས་ཞིན་ཅང་གི་ཆེད་དུ་ཅི་ཞིག་བསྒྲུབ་དགོས་ཞེས་ན་ངལ་རྩོལ་བཙན་བཀོལ་བཀག་སྡོམ་གྱི་ཁྲིམས་ལག་ལེན་ཚུལ་བཞིན་བསྟར་དགོས་ཞེས་བཤད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཀི་རི་ཤ་ན་མུ་ཐིས་རྒྱ་དམག་གིས་ཨ་རིའི་མཁའ་དབྱིངས་སུ་ལྒང་བུ་བཏང་ནས་གསང་ཉུལ་བྱས་པ་རེད། ང་ཚོ་མགོ་འཐོམས་ནས་མི་རིགས་རྩ་མེད་གཏོང་མཁན་རྒྱ་དམག་དེང་རབས་ཅན་དུ་བསྒྱུར་བར་ཚོང་འབྲེལ་བཙུགས་ཏེ་འགྲོ་གྲོན་སྤྲོད་ཀྱི་ཡོད་པ་གྲོས་ཚོགས་ཀྱིས་འགོག་དགོས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་དང་ཨ་མི་རི་ཀར་སྔར་དང་མ་འདྲ་བར་དེ་འགོག་ཐུབ་པའི་སྟོབས་ཤུགས་ཡོད་ཅེས་བཤད། སྔོན་ཆད་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་འདུག་ཅེས་ཉན་ཞིབ་ཚོགས། ཡིན་ནའང་༢༠༠༡་ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཚུད་པའི་རྗེས་སུ་བོད་དོན་ལ་ཉན་ཞིབ་འཚོགས་རྒྱུ་ཉུང་དུ་སོང་། དུས་རབས་སྔོན་མའི་ལོ་རབས་༩༠་པའི་ནང་དུ་ཨ་མི་རི་ཀས་རྒྱ་ནག་ལ་དམིགས་བསལ་ཁྲལ་ཆག་ཚོང་ལས་ཀྱི་གནས་བབ་སྤྲོད་རྒྱུ་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་གཉིས་འབྲེལ་བ་མཐུད་རྒྱུ་མེད་པར་བཏང་ནས་བཟུང་། རྒྱ་ནག་གཞུང་གིས་ཡུ་གུར་བ་དང་བོད་པ། ཧོང་ཀོང་བཅས་ལ་ཅི་ཞིག་བྱས་ཀྱང་ཆོག་སྙམ་སྟེ་དཔའ་སྐྱེད་ལངས་འདུག་ཅེས་གནས་ཚུལ་ཐོན།།

ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༧་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་༡་ལྷག་འཛིན་བཟུང་བྱས་ནས་བཙོན་དུ་བཅུག ཨ་མི་རི་ཀ་སོགས་ཀྱིས་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གི་སྲིད་ཇུས་དེ་འགོག་མ་ཐུབ། ༢༠༢༡་ལོའི་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་བྷ་ཌན་གྱིས་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བཀག་སྡོམ་གྱི་ཁྲིམས་གཞི་ལ་མིང་རྟགས་བཀོད། དེ་ནས་བཟུང་སྟེ་ཨ་མི་རི་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་རྣམས་ནང་འདྲེན་བྱ་རྒྱུ་མཚམས་བཞག ཨ་རིའི་གྲོས་ཚོགས་ཀྱིས་འགག་སྒོ་ཁག་ལ་འགྲོ་གྲོན་འཕར་མ་སྤྲད་དེ་ཨ་རིའི་ཁྲོམ་རའི་ནང་དུ་ཡོང་གི་ཡོད་པའི་རྒྱ་ནག་གི་དངོས་ཟོག་རྣམས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་མིན་བརྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་ཕབ། ཨོ་གླིང་གི་འཐབ་ཇུས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་ཀུ་ཤུ་བཟོ་ཚོང་ཁང་དང་བྷི་ཨེམ་ཌབ་ལུ། གྷེབ་དང་ཧྭ་ཝེ། ན་ཡེ་ཀི་དང་སམ་སང་། སོ་ནི་དང་ཝོལ་སི་ཝེ་གྷེན་སོགས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཆེ་ཁག་༨༢་སྔར་བཞིན་ཞིན་ཅང་གི་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་ལ་འབྲེལ་བ་འདུག་ཅེས་གསལ་སྟོན་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG