ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཞིས་ཅིན་ཕིང་གིས་བོད་པ་སོགས་རྩ་མེད་གཏོང་རྒྱུའི་འཆར་གཞི་ཆེན་པོ།


༄༅།། རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཞིས་ཅིན་ཕིང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སོག་པོ་སོགས་གྲངས་ཉུང་མི་ཁག་གི་ངོ་བོ་རྩ་མེད་བཏང་ནས་རྒྱ་མི་རིགས་ཀྱི་རྒྱལ་ཁབ་འབའ་ཞིག་ལ་བསྒྱུར་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་འགོ་ཚུགས་ཡོད་པ་སྟེ། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྣམས་རྩ་མེད་གཏོང་བའི་སྲིད་ཇུས་འདིར་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་གྲངས་ཉུང་མི་རིགས་རྣམས་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཐབས་སུ་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་ཁྲིད། ཤེས་ཡོན་གསར་པ་སློབ་སྦྱོང་སྤྲད་ནས་དཔལ་འབྱོར་ཡོང་འབབ་ཇེ་མང་དང་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བའི་སྲིད་ཇུས་ཞེས་བཀོད། ཞིན་ཅང་ལ་མཚོན་ན་ལག་ཤེས་སློབ་གྲྭ་ཟེར་བ་དེ་རྣམས་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་ཡུལ་བཙོན་ཁང་ཡིན་ཞིང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རང་གི་ཆོས་ལུགས་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པ་དོར་ནས་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱ་རྒྱུ། རྒྱ་ནག་གཞུང་ལ་དགའ་ཞེན་དང་རྒྱ་མི་རིགས་ལ་དགའ་ཞེན། རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་པ་དང་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ལ་ངོ་རྒོལ་བྱ་དགོས་ཟེར། མཐའ་མཇུག་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་མི་རིགས་ཀྱི་ངོ་བོ་དང་མི་རིགས་ཀྱི་འདུ་ཤེས་བརླགས་ནས་རྒྱ་མི་རིགས་ལ་འགྱུར་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་འདུག

ཡུ་གུར་བའི་སློབ་ཕྲུག
ཡུ་གུར་བའི་སློབ་ཕྲུག

བོད་ལ་མཚོན་ན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རིག་གཞུང་འདི་རྒྱ་གར་དང་བོད་ལ་འབྲེལ་བ་མེད་པར་རྒྱ་ནག་དམར་ཤོག་གི་ལྟ་བ་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས། རྒྱ་ནག་པའི་བསམ་བློའི་འདུ་ཤེས་ལ་མཐུན་པ་ཞིག་ཏུ་བསྒྱུར་རྒྱུ། བོད་པ་ཚོར་བསྐྱར་དུ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་སྟེ་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་ལ་འཐབ་རྒོལ་བྱ་རྒྱུ། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་ལ་དགའ་ཞེན་བྱ་དགོས་པ། བོད་ཕྲུག་ཚོར་བུ་བཅོལ་ཁང་ནས་སློབ་ཆེན་བར་དུ་རྒྱ་ཡིག་རྒྱ་སྐད་བསླབས་ཏེ་བོད་པ་ཚོས་རང་གི་སྐད་ཡིག་དང་རིག་གཞུང་ངོ་མི་ཤེས་པ། བོད་ཕྲུག་ཚོར་རང་གི་མི་རིགས་ཀྱི་བསམ་བློའི་འདུ་ཤེས་མེད་པར་བཏང་ནས་རྒྱ་ནག་པའི་བསམ་བློའི་འདུ་ཤེས་ཤིག་སྐྱེ་རུ་འཇུག་ཐབས་བྱས་ནས་བོད་མི་རིགས་འདི་རྒྱ་མི་རིགས་ལ་བསྒྱུར་རྒྱུ། བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་མི་མང་ཁྲི་ཚོ་མང་པོ་ལས་གྲྭ་ཁག་ལ་བསྡུས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་སྟེ་བོད་པ་ཞིང་འབྲོག་མང་ཚོགས་ལ་ཇ་ཁང་དང་ཆང་ཁང་། ཟ་ཁང་སོགས་ཀྱི་ཞབས་ཞུ་བའི་ལས་རིགས་སློབ་པ། བོད་པ་ཞིང་འབྲོག་མང་ཚོགས་རྣམས་རང་གི་སྲོལ་རྒྱུན་གྱི་ཞིང་འབྲོག་གི་འཚོ་བར་ཁ་ཐག་རིང་དུ་བཏང་སྟེ་བོད་པའི་ས་ཞིང་དང་རྩྭ་སའི་བདག་པོ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་འགྱུར་རྒྱུ། བོད་པ་ཁག་ཅིག་རྒྱ་ནག་གི་ས་གནས་ཁག་གི་ལས་གྲྭ་དང་བཟོ་གྲྭ་ཁག་ལ་ཁྲིད་ནས་རང་གི་ས་ཆ་དང་མི་རིགས། འཚོ་བའི་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་ཁ་བྲལ་དུ་འཇུག་པའི་སྲིད་ཇུས་ཤིག་རེད་ཅེས་གནས་ཚུལ་ཐོན་འདུག དབྱིན་ཡུལ་གྱི་བོད་རང་དབང་ལས་འགུལ་ཚོགས་པ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཕྱི་ཟླ་༨་པའི་ཚེས་༢༩་དང་༣༠་གཉིས་ལ་ཞིས་ཅིན་ཕིང་གིས་གཙོ་སྐྱོང་བྱས་པའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་༧་པའི་ཐོག་ཏུ་བོད་པ་ཚོར་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་དགོས། བོད་ཕྲུག་ཚོའི་སློབ་དེབ་རྣམས་རྒྱ་ཡིག་ལ་བསྒྱུར་དགོས་པ་དང་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་རྣམས་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་མཐུན་པ་ཞིག་ཏུ་བསྒྱུར་དགོས། བོད་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན། འདི་ནི་བོད་པ་ཚོར་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་འདུ་ཤེས་ཐ་དད་ཅིག་ཡོད་པ་སྣུབ་ཐབས་ཤིག་རེད་ཅེས་ཐེར་འདོན་བྱས་འདུག

ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཉམས་ཞིབ་པ་དང་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་མང་དག་ཅིག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་གྲངས་ཉུང་མི་རིགས་རྣམས་དབུལ་ཕོངས་ཀྱི་གནས་ནས་གྲོལ་བའི་སྲིད་ཇུས་ཟེར་བ་ཞིག་སྒྲོགས་ཀྱི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ནི་མི་རིགས་ཐམས་ཅད་རིགས་ཚོ་གཅིག་ལ་བསྒྱུར་རྒྱུའི་ངན་ཇུས་ཤིག་རེད། ད་སྔ་རྒྱ་ནག་ལ་མི་རིགས་༥༥་ཡོད། མི་རིགས་ཐམས་ཅད་མེ་ཏོག་གཅིག་གི་འདབ་མ་ལྟར་ཡིན་ཞེས་མི་རིགས་སྣ་འདུས་ལ་དང་ལེན་དང་མི་རིགས་སྣ་ཚོགས་ལ་བཟོད་སྒོམ་བྱེད་པའི་ལམ་སྲོལ་ཞིག་ཡོད་ཀྱང་ཞིས་ཅིན་ཕིང་གིས་དེ་ལ་རྫོགས་ཚིག་བརྒྱབ་ནས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སོག་པོ་སོགས་ལ་རང་རང་གི་མི་རིགས་ཀྱི་འདུ་ཤེས་རེ་ཡོད་པ་བརྗེད་དུ་བཅུག་ནས་ང་བོད་པ་ཡིན། ང་ཡུ་གུར་བ་ཡིན། ང་སོག་པོ་ཡིན་ཞེས་པ་དེའི་ཚབ་ཏུ་ང་ནི་ཀྲུང་ཧྭ་བ་ཡིན་ཞེས་མི་རིགས་ཀྱི་འདུ་ཤེས་གསར་པ་ཞིག་སླེབས་ཐུབ་པའི་གནོན་ཤུགས་སྤྲོད་རྒྱུ། ད་ལྟའི་བར་དུ་རྒྱ་ཡིག་རྒྱ་སྐད་ཅེས་ཐ་སྙད་ཅིག་ཡོད་པ་རྒྱལ་ཁབ་ཀྱི་སྐད་ཡིག་དང་སྤྱི་སྐད། གཞུང་འབྲེལ་གྱི་སྐད་ཡིག་ཅེས་བསྒྱུར། ཐ་ན་བོད་པ་ཚོས་རྒྱ་མི་རིགས་ཀྱིས་གཉེར་སྐྱོང་བྱེད་ཀྱི་ཡོད་པའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་རྒྱ་སྐད་མ་བཤད་པར་གླུ་གཞས་ལེན་པ་དང་ཁ་ཤགས་བཤད་པ། ཚོང་བསྒྲགས་དང་ཅི་འཕྲོས་མོལ་འཕྲོས་ཀྱི་ཁ་བརྡ་བྱས་ཀྱང་འགོག་གི་ཡོད་པའི་ཚད་དེར་སླེབས། དེང་སྐབས་རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པ་དེའི་བརྒྱ་ཆ་༩༢་རྒྱ་མི་རིགས་ཡིན་རུང་ཞིས་ཅིན་ཕིང་གིས་རིམ་བཞིན་གྲངས་ཉུང་མི་རིགས་ཞེས་པའི་མིང་ཚིག་དེ་ནག་སུབ་དང་རྒྱ་ནག་གི་རྩ་ཁྲིམས་སུ་བཀོད་པའི་གྲངས་ཉུང་མི་རིགས་ལ་རང་སྐྱོང་ཐོབ་ཐང་དང་རིག་གཞུང་གཅེས་འཛིན། སྐད་ཡིག་ཁྱབ་སྤེལ་གྱི་ཐོབ་ཐང་ཡོད་ཅེས་བཀོད་པ་རྣམས་ནག་སུབ་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་མི་རིགས་ཀྱི་བསམ་བློའི་འདུ་ཤེས་རྣམས་སྣུབ་ཀྱི་འདུག་ཅེས་གནས་ཚུལ་བཀོད་ཡོད་པ་རེད།།

སོག་ཡིག་སློབ་ཁྲིད་མཚམས་འཇོག་དགོས་པའི་སྲིད་ཇུས་ལ་སོག་པོ་ཚོས་ངོ་རྒོལ།
སོག་ཡིག་སློབ་ཁྲིད་མཚམས་འཇོག་དགོས་པའི་སྲིད་ཇུས་ལ་སོག་པོ་ཚོས་ངོ་རྒོལ།

ཉེ་ཆར་ཨ་རིའི་འཇོར་ཇཱི་ཊོན་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་པ་ཇཱེམ་སི་མཱིལ་ཝར་ཌས་བྲིས་པའི་རྩོམ་ཡིག་ཅིག་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ཐོན་པར་གཞིགས་ན། བོད་ཡིག་དང་ཡུ་གུར་སྐད་ཡིག་སློབ་ཁྲིད་བྱེད་མཁན་རྣམས་འཛིན་བཟུང་དང་སློབ་ཁྲིད་རྣམས་བཀག་སྡོམ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུ་འཇུག་གི་མི་འདུག རྒྱ་ནག་གི་བརྙན་འཕྲིན་ལས་ཁང་ཁག་གིས་རྒྱ་ནག་ལ་སྐད་ཡིག་གཅིག་ལས་མེད་པ་དང་སྐད་ཡིག་གཅིག་པུ་ནི་རྒྱ་ཡིག་རྒྱ་སྐད་ཡིན། རྒྱ་ནག་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཡིན། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ངོ་བོ་ནི་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་པ་སྟེ། ཀྲུང་ཧྭ་བ་ཡིན་ཟེར་བའི་ལས་རིམ་མང་དག་ཅིག་རྒྱང་སྲིང་བྱེད་ཀྱི་འདུག བོད་དང་ཞིན་ཅང་གཉིས་སུ་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལངས་དང་ལང་བཞིན་ཡོད་པས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གཉིས་ལ་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་མ་ཟད། ༢༠༢༠་ལོའི་ཕྱི་ཟླ་༩་པའི་ནང་དུ་རྒྱ་ནག་གཞུང་གིས་ནང་སོག་ལའང་སོག་སྐད་སློབ་ཁྲིད་བྱ་རྒྱུ་མཚམས་བཞག་སྟེ་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་ཁྲིད་བྱ་དགོས་ཞེས་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱེད་འགོ་ཚུགས་སོང་ཞེས་བཤད། རྒྱ་ནག་གཞུང་གིས་ནང་སོག་ལ་སོག་སྐད་སློབ་ཁྲིད་བྱ་རྒྱུ་མཚམས་བཞག་པའི་རྗེས་སུ་སོག་པོ་ཁྲི་ཚོ་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ནང་སོག་གི་ངོ་རྒོལ་ལས་འགུལ་ཕྱི་སོག་ལའང་ཁྱབ་ཅིང་། ཡིན་ནའང་རྒྱ་ནག་གཞུང་གིས་བོད་པ་༦༠༠༠༠༠༠་དང་ནང་སོག་ཏུ་སོག་པོ་༦༠༠༠༠༠༠་ལྷག རྒྱ་གཞུང་གི་གཞི་གྲངས་ལྟར་ཡུ་གུར་བ་༡༢༠༠༠༠༠༠་ལྷག རྒྱ་ནག་གི་ཅི་ལིན་དང་ཧེ་ལོང་ཅང་། ལེའོ་ཉིང་ཞིང་ཆེན་གསུམ་གྱི་ནང་དུ་ཀོ་རི་ཡའི་མི་རིགས་༢༥༠༠༠༠༠་ལྷག་ཡོད་པ་རྣམས་རྩ་མེད་གཏོང་ཐུབ་རྒྱུ་ཡིན་མིན་ནི་གནད་དོན་གཞན་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་དབྱི་རིགས་དང་པེ་རིགས། ཧ་ཎིའི་རིགས་དང་ཀྲྭང་རིགས། ཏེ་རིགས་བཅས་གྲངས་ཉུང་མི་རིགས་མང་དག་ཅིག་དབྱེ་བགོ་བྱེད་ཡོད་པ་དེ་དག་ལའང་མི་གྲངས་ས་ཡ་ལོངས། རྒྱ་ནག་གི་ཀོང་ཏུང་དང་ཧྥུ་ཅན་ཞིང་ཆེན། ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གཉིས་བཅས་རྒྱ་ནག་ལྷོ་ཕྱོགས་ཀྱི་ས་ཁུལ་དེ་དག་ལའང་རང་རང་གི་ཡུལ་སྐད་རེ་ཡོད་པས་ཞིས་ཅིན་ཕིང་གིས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཡུལ་སྐད་དེ་རྣམས་རྩ་མེད་གཏོང་རྒྱུ་ཡིན་མིན་དང་རྩ་མེད་གཏོང་ཐུབ་རྒྱུ་ཡིན་མིན་རྣམས་དོགས་པའི་གནས་སུ་ཟད་ཅེས་གནས་ཚུལ་ཐོན།།

ད་ལྟ་ཞིས་ཅིན་ཕིང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སོག་པོ་སོགས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་ཀྱང་༡༩༡༡་ནས་༡༢་བར་དུ་སུན་ཀྲུན་ཧྲན་གྱིས་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་པའི་སྐབས་སུ་རྒྱ་མི་རིགས་དང་མན་ཇུ་བ། སོག་པོ་དང་བོད་པ། ཡུ་གུར་བ་བཅོས་མི་རིགས་ལྔའི་མནའ་འབྲེལ་རྒྱལ་ཁབ་ཅིག་བཙུགས་ནས་རྒྱ་ནག་རྒྱལ་ཁབ་འདི་མི་རིགས་ཆེན་པོ་ལྔས་གྲུབ་པའི་དེང་རབས་ཀྱི་རྒྱལ་ཁབ་ཅིག་ལ་བསྒྱུར་ཐབས་བྱས་ཀྱང་དེ་ལ་གྲུབ་འབྲས་མ་སྨིན། རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་སུན་ཀྲུང་ཧྲན་གྱིས་འཛུགས་ཐབས་བྱས་པའི་མི་རིགས་ལྔའི་མནའ་འབྲེལ་རྒྱལ་ཁབ་དེས་ཁུངས་མ་འཁྱོལ་བའི་ཉམས་མྱོང་ལ་གཞིགས་ནས་༡༩༣༡་ལོར་ཀྲུང་ཧྭ་སུ་ཝི་ཨེ་མནའ་འབྲེལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་ཕབ་པ་དེའི་ནང་དུ་བོད་པ་དང་སོག་པོ། ཡུ་གུར་བ་དང་མཱིའོ་རིགས། ཡའོ་རིགས། ཀོ་རི་ཡའི་མི་རིགས་དང་དེ་མིན་གྱི་མི་རིགས་གཞན་ཁག་རྒྱ་ནག་གི་མནའ་འབྲེལ་རྒྱལ་ཁབ་ཁོངས་སུ་མཉམ་ཞུགས་བྱེད་པའམ། ཡང་ན་མི་རིགས་དེ་རྣམས་རྒྱ་ནག་དང་ཁ་བྲལ་བྱས་ནས་ལོགས་སུ་རང་བཙན་རྒྱལ་ཁབ་འཛུགས་ཆོག་པའི་ཐོབ་ཐང་ཡོད་ཅེས་བཀོད། ཡིན་ནའང་༡༩༤༩་ལོར་མའོ་ཙེ་ཏུང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་གྲངས་ཉུང་མི་རིགས་ཁག་ལ་རང་བཙན་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རྣམས་ཕྱིར་བསྡུ་བྱས་ཀྱང་རང་སྐྱོང་ལྗོང་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་ལེན་བསྟར་ནས་བོད་པ་དང་ཡུ་གུར་བ། སོག་པོ་དང་ཀོ་རི་ཡའི་མི་རིགས་སོགས་ལ་རང་རང་གི་ཐོབ་ཐང་རེ་ཡོད་པར་ངོས་འཛིན་བྱས་འདུག ད་ལྟ་ཞིས་ཅིན་ཕིང་གིས་སུན་ཀྲུང་ཧྲན་དང་མའོ་ཙེ་ཏུང་གི་སྲིད་ཇུས་བཅས་ལ་འགྱུར་བ་བཏང་ནས་རྒྱ་ནག་ལ་གྲངས་ཉུང་མི་རིགས་ཀྱི་ས་ཆ་རྣམས་དགོས་ཀྱང་གྲངས་ཉུང་མི་རིགས་རྣམས་མི་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG