ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༨/༡༠

བདུན་ཕྲག་འདིའི་ནང་ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་བ།


རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིང་ཕིང་གཟའ་འཁོར་འདིའི་ནང་ཤིན་ཅང་ནང་རྟོག་ཞིབ་ཏུ་འབྱོར་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བརྒྱད་རིང་ལ་ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་བ་ཐེངས་དང་པོ་དེ་ཆགས་འདུག ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་དུས་ཁ་རས་གྱོན་མེད་པ་དང་། མང་ཚོགས་ཁྲོད་དུ་ཡར་ལངས་ནས་ཁ་ཆེ་ཡུ་གུར་བའི་གོས་ཆས་གྱོན་མཁན་གྱི་མི་འགའ་ཤས་དང་སྐད་ཆ་བཤད་ནས་བསྡད་ཡོད་པའི་བརྙན་པར་འགའ་ཤས་རྒྱ་ནག་གཞུང་འབྲེལ་གསར་ཁང་ཤིན་ཧྭ་གསར་ཁང་གིས་ཕྱི་ལོགས་སུ་སྤེལ་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་སྤྱི་ཟླ་བདུན་པའི་ཚེས་༡༦ སྟེ་རེས་གཟའ་པ་སངས་ཉིན་ལ་གནས་ཚུལ་སྤེལ་གསལ་ལ། གཟའ་འཁོར་འདིའི་རེས་གཟའ་མིག་དམར་ནས་ཕུར་བུའི་ཉིན་གྱི་བར་རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིང་ཕིང་ཤིན་ཅང་ལ་རྟོག་ཞིབ་ཏུ་སླེབས་ཏེ། ས་གནས་ཀྱི་མཐོ་སློབ་ཁག་དང་། ཤིན་ཅང་ཝུ་རུ་མུ་ཆིའི་རྒྱལ་སྤྱིའི་ཚོང་ལས་ཁུལ་ཞིག་ལ་ལྟ་སྐོར་དུ་ཕྱིན་འདུག ཡིན་ནའང་རྒྱ་ནག་གཞུང་འབྲེལ་གསར་ཁང་ཚོས་ཞི་ཅིང་ཕིང་དང་ཐོག་ཤིན་ཅང་དུ་འབྱོར་སྐབས་འབྲེལ་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱས་མེད་པ་དང་། ཞི་ཅིང་ཕིང་གི་འཚམས་འདྲི་མཇུག་གྲུབ་རྗེས་གཞི་ནས་གནས་ཚུལ་ཕྱིར་སྤེལ་བྱས་ཡོད་པ་རེད་ཅེས་རེ་ཊྲེ་སིའི་གསར་ཁང་གིས་བརྗོད་འདུག

གཞན་ཡང་རེ་ཊྲེ་སིའི་གསར་ཁང་གིས་བརྗོད་དོན་ལྟར་ན། ལོ་མང་པོའི་སྔོན་ལ་ཤིན་ཅང་ས་ཁུལ་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའམ་ཡང་ན་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འགའ་ཤས་ཤིག་བྱུང་མྱོང་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་ཆེད་དུ་ས་གནས་མང་ཚོགས་ལ་གདུག་རྩུབ་ཆེ་བའི་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་རེད། དེ་བཞིན་དུ་༢༠༡༨ ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་དམར་ཤོག་གིས་ཁ་ཆེ་ཡུ་གུར་བ་ས་ཡ་གཅིག་ལྷག་ཙམ་བཀག་ཉར་ཁང་ནང་བཅུག་ནས་ཆབ་སྲིད་ཀྱི་ཀླད་བཀྲུ་སློབ་གསོ་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་པའི་གནས་ཚུལ་གསལ་སྟོན་བྱས་ཡོད་པ་དང་། ཝ་ཤིང་ཊོན་ཕྱོགས་ནས་ཀྱང་རྒྱ་ནག་དམར་ཤོག་གིས་ཤིན་ཅང་ནང་དུ་རིགས་རྒྱུད་རྩ་མེད་གཏོང་བའི་ནག་ཉེས་ལྗི་མོ་བསགས་དང་གསོག་བཞིན་ཡོད་པའི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཏེ་རྒྱ་ནག་སྲིད་གཞུང་གིས་སྐྱོན་བརྗོད་དེ་ཚོ་ལ་ངོས་ལེན་རྩ་བ་ནས་བྱས་མེད་པར་མ་ཟད། དང་ཐོག་བཀག་ཉར་ཁང་ཞེས་པ་ཞིག་མེད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང་། དེའི་རྗེས་ཙམ་ལ་བཀག་ཉར་ཁང་ཞེས་པ་དེ་དོན་དངོས་ཐོག་ས་གནས་མི་དམངས་ཚོར་ལག་རྩལ་སྦྱོང་བརྡར་སྤྲོད་སའི་ལྟེ་གནས་ཁང་ཡིན་ཚུལ་དང་། སློབ་ཕྲུག་དེ་ཚོ་ལྟེ་གནས་ཁང་འདིར་རང་མོས་འཛུལ་བཞུགས་ཐོག་ཁྲིམས་ལུགས་དང་རྒྱའི་སྐད་ཡིག ལག་རྩལ་སོགས་སྦྱོང་བརྡར་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༩ ལོར་སློབ་ཕྲུག་ཡོད་ཚད་སློབ་མཐར་ཕྱིན་ཚར་བ་རེད་ཅེས་ལོག་འགྲེལ་བརྒྱབ་ཡོད་པ་རེད།

དེ་ཡང་ལག་རྩལ་སྦྱོང་བརྡར་ལྟེ་གནས་ཁང་ཞེས་པ་དེ་གསར་འཛུགས་བྱས་པ་ནས་བཟུང་ཤིན་ཅང་ས་ཁུལ་དུ་དྲག་སྤྱོད་ཀྱི་གནས་ཚུལ་ཧ་ལམ་གོ་ཐོས་མེད་པ་ཆགས་ཡོད། ད་ལན་ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་བ་དེ་ནི་ད་ལོའི་སྤྱི་ཟླ་༧ པའི་ཚེས་༡ སྟེ་ཧོང་ཀོང་གི་བདག་དབང་དེ་བཞིན་རྒྱ་ནག་གིས་རྩིས་ལེན་བྱས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཁོ་ཧོང་ཀོང་དུ་འབྱོར་བ་ནས་ད་བར་སྤྱི་པའི་ཁྲོད་དུ་ཡོངས་གྲགས་བྱས་ནས་ཕྱིར་ཐོན་པ་ཐོག་མ་དེ་ཆགས་ཡོད། སིང་ག་ཕོར་ནང་གི་ར་ཇཱ་ར་ཐི་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་ལིས་ཅང་མིང་གིས་རེ་ཊྲེ་སིའི་གསར་ཁང་ལ་བརྗོད་དོན་ལ། ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་བ་དེ་ནི་གཙོ་བོ་འདས་པའི་ལོ་འགའ་ཤས་རིང་རྒྱ་ནག་དམར་ཤོག་གིས་ཤིན་ཅང་ནང་བརྟན་སྲུང་ལས་དོན་སྐོར་ལ་གྲུབ་འབྲས་ག་རེ་ཐོབ་ཡོད་མེད་བལྟ་རུ་ཡོང་བ་ཞིག་དང་། ཤིན་ཅང་ནང་སྤེལ་བའི་ཐབས་ཇུས་དེ་དག་ཡང་དག་པ་ཞིག་ཡིན་ལུགས་ཀྱི་རྣམ་འགྱུར་གསལ་པོ་བསྟན་ཆེད་ཡོང་བ་ཞིག་རེད་ཅེས་བརྗོད་འདུག

༢༠༡༤ ལོར་ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་ཡོད་པ་དང་། ནིའུ་ཡོག་དུས་བབ་ཀྱིས་ཕྱིར་སྤེལ་བྱས་བའི་གསང་བའི་ཡིག་ཆ་ལས། སྐབས་དེར་ཞི་ཅིང་ཕིང་གིས་འཇིགས་སྐུལ་རིང་ལུགས་པ་ཚོ་དང་། དགྲ་བོ་ཁ་གཏད་ཕྱོགས་ཁག ཁ་བྲལ་རིང་ལུགས་པ་ཚོ་ལ་རྡུང་རྡེག་དྲག་པོ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། དུས་དེ་ནས་བཟུང་ཤིན་ཅང་ས་གནས་སྲིད་གཞུང་གིས་ཁ་ཆེ་ཡུ་གུར་བ་ཚོ་ལ་དམིགས་ནས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་དང་། ཆབ་སྲིད་སློབ་གསོ་གཞི་རྒྱ་ཆེན་པོ་སྤེལ་བ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གདུག་རྩུབ་ཅན་གྱི་ཐབས་ཇུས་གང་མང་ཞིག་ལག་ལེན་བསྟར་ཡོད། ན་ནིང་ལོར་ཞི་ཅིང་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན་གྱི་ས་ཆ་འགའ་ཤས་ལ་རྟོག་ཞིབ་ཏུ་སླེབས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་༣༠ རིང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་བོད་དུ་འབྱོར་བ་ཐོག་མ་དེ་ཆགས་ཡོད།།

XS
SM
MD
LG