ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞི་ཅིན་ཕིང་གིས་གཞན་ལ་རང་ཉིད་ཀྱི་བསམ་བློ་སློབ་སྦྱོང་བྱེད་དུ་བཅུག་པ་ནི་བྱབ་ཆུང་གི་བྱེད་སྟངས་ཤིག་རེད།


དཔྱད་བརྗོད་པ་ཏེན་ཡུས་ཝེན་གྱིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བྲིས་པའི་ཆེད་རྩོམ་ནང་གི་ཚན་པ་ཞིག་ཚེ་རིང་དབང་མོས་ཕབ་བསྒྱུར་བྱས་ཡོད་པ་གཤམ་གསལ།

རྒྱ་ནག་དམར་ཤོག་ཚོགས་པས་འདས་པའི་མི་ལོ་༧༠ ལྷག་གི་རིང་གི་ལོ་རྒྱུས་ཐོག་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་མྱོང་ཡོད་པ་དང་མ་འདྲ་ས་ཞིག་ལ། ཉེ་ཆར་རྒྱ་ནག་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དགོངས་པ་ཞེས་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་དེ་ལ་དམར་ཤོག་གཞུང་འཛིན་ངོས་ནས་དམིགས་གསལ་དོ་སྣང་ཆེན་པོ་སྐྱེ་བཞིན་ཡོད་པར་མ་ཟད། ལས་འགུལ་དེ་ནི་ཞི་ཅིན་ཕིང་མི་སྒེར་ངོས་ནས་དངོས་སུ་བཀོད་སྒྲིག་དང་སྐུལ་སློང་བྱས་པ་ཞིག་རེད། སྤྱི་ཟླ༣ པའི་ཚེས་༣༠ ཉིན་ཏེ། ཞི་ཅིང་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། སྤྱི་ཟླ་༤ པ་ནས་བཟུང་སྟེ་དམར་ཤོག་ཚོགས་པའི་གོང་འོག་ཚོགས་མི་ཡོད་ཚད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པའི་བརྗོད་གཞིའི་ཐོག་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་པ་བྱ་དགོས་པའི་སྐོར་གཏམ་བཤད་སྤེལ་ཡོད་པ་རེད།

ཨུ་རུ་སུའི་དམར་ཤོག་སྐབས་ལ་ཡང་། སི་ཏཱ་ལིང་གིས་མི་ཚོ་ལ་སི་ཏཱ་ལིང་རིང་ལུགས་ཞེས་པར་སློབ་སྦྱོང་བྱེད་དགོས་ཞེས་གད་མོ་སློང་བའི་སྐད་ཆ་བཤད་མྱོང་ཡོད་ཀྱང་། སི་ཏཱ་ལིང་དང་མའེ་ཙེ་ཏུང་ལྟ་བུ་སྒེར་གཅོད་པ་ཚོ་གྲོངས་ཚར་རྗེས་། དུས་རབས་༢༡ པའི་ལོ་རབས་༢༠ ལ་སླེབས་དུས། གཏམ་དགོད་བྲོ་བ་དེ་ལྟ་བུ་བསྐྱར་དུ་རྒྱ་ནག་གི་སྤྱི་ཚོགས་ནང་སྤེལ་བཞིན་ཡོད་པ་དེ་ནི་མི་མང་པོ་ཞིག་གི་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་ཆགས་ཡོད། ལས་འགུལ་དེ་ལས་དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཞི་ཅིན་ཕིང་མི་སྒེར་གྱི་དབང་ཆ་ཆེ་དྲགས་ནས་འཛེམ་དོགས་གང་ཡང་མེད་པར་སོ་སོའི་མངོན་འདོད་དེ་དག་མངོན་སུམ་འཛེམ་མེད་ཀྱིས་བསྒྲུབ་ཆོག་གི་ཡོད་པའི་ཚད་ལ་སླེབས་ཡོད་པ་མཐོང་ཐུབ་གི་ཡོད་ཀྱང་། དོན་དམ་ལ་ཞི་ཅིན་ཕིང་གིས་ཁོ་རང་ཉིད་ཉེ་འཁོར་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞན་ཚོ་ལ་ཡིད་ཆེས་བློ་འགེལ་བྱ་རྒྱུའི་སྤོབས་པ་དང་གདེང་ཚོད་མེད་པའི་རྟགས་ཤིག་རེད་འདུག


སྤྱིར་དམར་ཤོག་ཚོགས་པ་ནི་གསར་བརྗེའི་ལས་འགུལ་རིགས་སྣ་ཚོགས་སྤེལ་རྒྱུར་གོམས་འདྲིས་ཡོད་པའི་ཚོགས་པ་ཞིག་རེད། མའོ་ཙེ་ཏུང་གི་རྗེས་ལ། རྒྱ་ནག་ཏུ་བཅོས་སྒྱུར་སྒོ་འབྱེད་ཅེས་པའི་སྲིད་ཇུས་སྤེལ་ནས་ད་བར་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་ཞིག་སླེབས་དུས། དུས་ཡུན་རིང་ཐུང་ལ་མ་བལྟོས་པར་ཆབ་སྲིད་སློབ་གསོའི་ལས་འགུལ་འདྲ་མིན་སྤེལ་སྲོལ་ཡོད། དཔེར་ན་ཅང་ཙེ་མིང་སྐབས་ཀྱི་བཤད་པ་གསུམ་ཞེས་པ་དང་། ཧུའུ་ཅིན་ཐའོ་སྐབས་ལ་དམར་ཤོག་ཚོགས་མི་ཚོའི་ཡར་ཐོན་ཅན་གྱི་བསམ་བློ་རྒྱུན་སྐྱོང་ཞེས་པའི་ལས་འགུལ་སོགས་སྤེལ་ཡོད། ཡིན་ན་ཡང་ལས་འགུལ་དེ་རིགས་དེ་སྤེལ་བ་མང་ཤོས་དེ་ཞི་ཅིན་ཕིང་གི་སྐབས་ལ་ཆགས་ཡོད། འདས་པའི་ལོ་བཅུའི་རིང་། ཞི་ཅིན་ཕིང་གིས་ཆེ་ས་ནས་ས་གནས་རྫོང་རིམ་པའི་དམར་ཤོག་སྤྱི་ཁྱབ་ཡས་ཀྱི་དཔོན་རིགས་ཚོ་ལ་བསམ་བློའི་སློབ་གསོ་ཐེངས་ལྔ་སྤེལ་ཡོད་པ་དང་། ༢༠༡༣ ལོར་དམར་ཤོག་ཚོགས་པའི་མང་ཚོགས་དང་འབྲེལ་ལམ་སྐོར་གྱི་བྱ་འགུལ་ཞེས་པ་དང་། ༢༠༡༥ ལོར་གཟབ་ནན་གསུམ་དང་དོན་གཉེར་གསུམ་ཞེས་པའི་ལས་འགུལ། ༢༠༡༦ ལོར་སྦྱང་རྒྱུ་གཉིས་དང་ལག་ལེན་གཅིག་ཅེས་པའི་ལས་འགུལ། ༢༠༡༩ ལོར་ཐོག་མའི་བསམ་འདུན་དང་འགན་ལས་བརྗེད་མི་རུང་ཞེས་པའི་ལས་འགུལ། ༢༠༢༡ ལོར་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་འགུལ་དེ་དག་ལོ་གཉིས་རེའི་ནང་ཐེངས་རེ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་བསམ་བློ་བསྒྱུར་བཀོད་ཀྱི་བྱ་འགུལ་ཡང་ཡང་སྤེལ་བཞིན་པ་དེ་མའོ་ཙེ་ཏུང་དུས་སྐབས་ནང་བཞིན་གདུག་རྩུབ་ཆེན་པོ་ཞིག་མཐོང་གི་མེད་ཀྱང་། དེ་ནི་ཞི་ཅིན་ཕིང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ཆ་ཤས་ཤིག་ཡིན་པར་མ་ཟད། ཆབ་སྲིད་ཀྱི་དབང་ཆ་ལ་བརྟེན་ནས་དཔོན་རིགས་གཞན་ཚོ་ལ་སྡིགས་སྐུལ་བྱེད་པའི་ཐབས་ལམ་ཞིག་ཀྱང་རེད། འདས་པའི་ལོ་བཅུའི་ནང་གི་བྱ་འགུལ་རིགས་དེ་དག་ནི་དབང་ཆ་གཅིག་སྡུད་ཆེད་དུ་སྤེལ་བ་ཟེར་བ་ཡིན་ན། ཚོགས་ཆེན་ཉི་ཤུ་པའི་རྗེས་ཏེ་ཁོ་རང་དུས་ཡུན་གསུམ་པར་མུ་མཐུད་ནས་བསྡད་རྒྱུའི་ཐག་གཅོད་བྱུང་ཚར་བའི་རྗེས་ལ་ད་དུང་སྔ་བཞིན་བྱ་འགུལ་རིགས་སྤེལ་དང་སྤེལ་བཞིན་ཡོད་པ་དེ་ནི་ཁོ་རང་ཁྲེལ་མེད་དང་རང་ཚུགས་མེད་པའི་རྟགས་ཤིག་བསྟན་ཡོད་པ་ལས། གཞན་ཁོ་ལ་དེ་འདྲ་མི་བྱེད་ཁ་མེད་ཀྱི་རྒྱུ་མཚན་གཞན་ཞིག་སྟེ། དམར་ཤོག་ཚོགས་པའི་མཐོ་རིགས་དཔོན་པོའི་ནང་མགོ་གཉིས་མ་མང་བ་དང་། ཆབ་སྲིད་ཀྱི་སློབ་སྦྱོང་དེ་དག་ལ་སྙིང་པོ་མེད་པ་ཤེས་བཞིན་དུ་སློབ་སྦྱོང་བྱེད་དུ་བཅུག་པ་ནི་ཞི་ཅིན་ཕིང་གི་གཅིག་སྡུད་དང་སྒེར་གཅོད་ཀྱི་དབང་ཆ་སྔ་ལས་སྲ་བརྟན་གཏོང་ནས། ཁོའི་སྣེ་ཁྲིད་འོག་དམར་ཤོག་དཔོན་རིགས་ཚོས་རྡིག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་བསྒྱུར་དགོས་ཞེས་པའི་ཆབ་སྲིད་ཀྱི་མངོན་འདོད་བསྒྲུབ་རྒྱུ་ཡིན་པ་གསལ་པོ་རེད་འདུག

ཡིན་ན་ཡང་། དེང་རབས་ཀྱི་སྤྱི་ཚོགས་ཤིག་གི་ནང་། མི་ཚང་མ་དངངས་སྐྲག་ཚབ་ཚུབ་ངང་ནས་གང་ཟང་ཞིག་གི་བསམ་བློ་ལ་སློབ་སྦྱོང་བྱེད་དུ་བཅུག་པའི་ལས་འགུལ་ཞིག་སྤེལ་པ་ནི་ངལ་བ་སྟོང་ཟད་ཅིག་དང་། མ་གཞི་ནས་གཡོ་སྒྱུར་མགོ་བདེ་ཅན་གྱི་མི་ཚོའི་སེམས་འགུག་ཐབས་བྱེད་པ་དེ་ནི་ཧམ་འདོད་ཙམ་ལས་མ་འདས། དེར་བརྟེན། སྒེར་གཅོད་པ་ཚོས་དབང་ཆ་གཅིག་སྡུད་ཅན་གྱི་སྲིད་དབང་སྲ་བརྟན་བཏང་ཐུབ་པ་བྱུང་ན་ཡང་། ནམ་ཞིག་ལ་སྲིད་དབང་དེ་སོ་སོའི་ལག་ནས་ཤོར་འགྲོ་བའི་བློ་འཚབ་ཀྱིས་བློ་བདེ་བག་ཕེབས་ནས་བསྡད་ཐབས་རྩ་བ་ནས་བྲལ་ཡོད་པ་གསལ་པོ་མངོན་ཡོད། དེང་སྐབས་རྒྱ་ནག་ཏུ་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ཀྱིས་སོ་སོ་རང་ཉིད་ཀྱི་བསམ་བློ་ལ་སློབ་སྦྱོང་བྱེད་དགོས་ཞེས་ཨུ་ཚུགས་ཅན་གྱི་བྱེད་སྟངས་དེ་ནི་ཚུལ་མིན་ལུགས་འཆལ་ཞིག་ཏུ་སྣང་བ་དེ་ཡང་ཡ་མཚན་སྐྱེ་དགོས་རྒྱུ་གང་ཡང་མི་འདུག་གོ

ཨ་རིའི་རླུང་འཕྲིན་ཁང་གི་ཆེད་མངགས་དཔྱད་བརྗོད་པ་ཏེན་ཡུས་ཝེན་ལགས་ནི་རྒྱ་ནག་ཏུ་གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་ཞིག་དང་ད་ལྟ་ཨ་རིའི་ནང་བཞུགས་མཁན་ཞིག་རེད། ཁོང་གིས་ཁོ་རང་ཉིད་ནི་དེ་སྔ་ལམ་ལུགས་ཀྱི་བས་མཐའ་ལ་གནས་མྱོང་སྟབས། དུས་རབས་གསར་པའི་འགལ་འཛོམ་རིགས་མང་པོ་ཞིག་གསལ་པོ་མཐོང་ཐུབ་ཀྱི་འདུག་ཅེས་གསུངས་འདུག

XS
SM
MD
LG