ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝུ་ཧན་གྲོང་ཁྱེར་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་མི་ལ་འགྲོ་འོང་ལོངས་སུ་བཀག་ཀྱང་དེ་རིང་ཕྱི་ཟླ་༤་པའི་ཚེས་༧་ཉིན་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་བྱས་ནས་ཝུ་ཧན་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་ཏེ་བག་ཡངས་ཀྱི་འཚོ་བ་ཞིག་འགོ་ཚུགས་འདུག

གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ན་ནིང་ལོ་མཇུག་དེར་ཐོག་མར་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ཝུ་ཧན་གྲོང་ཁྱེར་ལ་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དུ་རིམས་ནད་ཕོག་མཁན་ནད་པ་གསར་པ་གཉིས་མ་གཏོགས་བྱུང་མེད། དེ་རིང་གཟའ་ལྷག་པའི་ཉིན་ནས་ཝུ་ཧན་གྲོང་ཁྱེར་ལ་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་རྣམས་ཡོངས་སུ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དེར་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རྣམས་གྲོང་ཁྱེར་ཕྱི་ལོགས་སུ་འགྲོ་འོང་བྱེད་ཆོག་པའི་ཐག་གཅོད་བྱས་འདུག་ཅེས་གནས་ཚུལ་སྤེལ་ཡོད་ཅིང་། མི་འབོར་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་འཚོ་གནས་བྱ་ཡུལ་ཝུ་ཧན་གྲོང་ཁྱེར་ལ་ལོ་འདིའི་སྤྱི་ཟླ་དང་པོའི་ཚེས་༢༣་ནས་མགོ་བརྩམས་ཏེ་དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀའི་རིང་ལ་གྲོང་ཁྱེར་ཕྱི་ནང་གི་འགྲོ་འོང་བཀག དེ་རིང་གཞི་ནས་མི་རྣམས་གྲོང་ཁྱེར་དེའི་ཕྱི་ནང་གཉིས་སུ་ཕར་ཚུར་འགྲོ་འོང་བྱེད་དུ་བཅུག་འདུག

རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་ཡོད་པ་ལྟར་ན། ད་ལྟའི་བར་དུ་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་མི་༢༥༠༠་ཡས་མས་ཤིག་འདས་གྲོངས་སུ་གྱུར། འདི་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་འཆི་སྐྱོན་གྲངས་འབོར་དེའི་བརྒྱ་ཆའི་༧༥་ཟིན། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕོག་ནས་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་ཞུས། ཝུ་ཧན་གྲོང་ཁྱེར་དུའང་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་རླངས་འཁོར་དང་མེ་འཁོར།མཚོ་གྲུ་སོགས་ཀྱིས་དུས་མཉམ་དུ་དུང་སྒྲ་སྒྲོགས་པ་དང་ལམ་འགྲོ་བ་རྣམས་ཀྱིས་མགོ་བོ་དུད་ནས་ངག་བཅད་ཀྱི་སྒོ་ནས་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་བའི་འདས་པོ་རྣམས་ལ་མྱ་ངན་རྗེས་དྲན་ཞུས་འདུག

ད་ལྟའི་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་བསྡོམས་མི་གྲངས་༨༡༧༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༣༣༣༠་ལྷག་འདས་གྲོངས་སུ་གྱུར་སོང་ཞེས་རྒྱ་ནག་གི་དབུས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་དྲྭ་ཚིགས་སུ་བཀོད་ཀྱང་ཨ་མི་རི་ཀའི་གསང་བའི་ལས་ཁང་དང་ནུབ་ཕྱོགས་ཀྱི་ཉམས་ཞིབ་ལས་ཁང་ཁག རྒྱ་ནག་ཕྱི་ནང་གཉིས་ཀྱི་སྐེ་བོ་སྒེར་པ་ཇི་སྙེད་ཅིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ་དང་ནད་མནར་ཅི་བྱུང་གི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་ནི་ཡིད་རྟོན་རུང་བ་ཞིག་མིན་ཞིང་། རྒྱ་ནག་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ཕྱེད་ཀ་ཙམ་ཡང་ཕྱིར་བསྒྲགས་མ་བྱས་པར་སྦ་གསང་བྱས་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG