ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་ཕུ་ཊིན་གྱི་གྲོགས་མོར་ཉེས་ཆད་གཅོད་རྒྱུ་འཛེམ་ཟོན་བྱས་སྐད།


༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་ཡོད་ཅིང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བཟོ་ཚོང་ལས་ཁང་དང་དངུལ་ཁང་ཁག ཨུ་རུ་སུའི་ཕྱུག་བདག་རྣམས་དང་ཕུ་ཊིན་གྱི་བུ་མོ་སོགས་ལ་འགྲིམ་འགྲུལ་དང་དངུལ་སྒོར་བཀག་སྡོམ་གྱི་ཉེས་ཆད་བཅད། ཧ་ཅང་ཁྱད་མཚར་ཞིག་ལ་ཨ་རིའི་གཞུང་གིས་ཕུ་ཊིན་གྱི་གྲོགས་མོ་ཨ་ལེ་ན་ཁ་བྷ་ཡེབ་ལ་འགྲིམ་འགྲུལ་དང་དངུལ་སྒོར་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་འཛེམ་ཟོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢༥་ཉིན་ཝོལ་སི་ཊི་རི་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་ཕུ་ཊིན་གྱི་གྲོགས་མོ་ཨ་ལེ་ན་བྷ་ཁ་ཡེབ་ལ་ཉེས་ཆད་གཅོད་རྒྱུའི་གྲ་སྒྲིག་བྱས་ཀྱང་མཐའ་མཇུག་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོས་བྷ་ཁ་ཡེབ་ཀྱི་མིང་ཐོ་ཕྱིར་འཐེན་བྱས་འདུག དེའི་རྒྱུ་མཚན་ནི་ཨ་མི་རི་ཀས་ཕུ་ཊིན་གྱི་སྙིང་སྡུག་མར་ཉེས་ཆད་བཅད་ཚེ། ཕུ་ཊིན་ལ་ཕོག་ཐུག་ཆེན་པོ་སོང་སྟེ་ཡུཀ་རེན་དང་ཨུ་རུ་སུའི་ཞི་བའི་གྲོས་མོལ་འགག་རྒྱུ། ཨ་རི་དང་ཨུ་རུ་སུའི་འབྲེལ་བར་འགལ་ཟླ་ཆེན་པོ་འབྱུང་རྒྱུ་དང་ཕུ་ཊིན་ཁོང་ཁྲོས་བརྟས་ཏེ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་སྲིད་པའི་ཉེན་ཁ་ཡོད་པ་བཅས་ལ་དམིགས་པ་རེད། ཡིན་ནའང་ཡུཀ་རེན་གྱི་དམག་འཁྲུག་གི་ཛ་དྲག་ཆེ་རུ་ཕྱིན་ཚེ། ཨ་རིའི་གཞུང་གིས་ལོ་ན་༣༨་ལ་སོན་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་གྲོགས་མོར་ཉེས་ཆད་གཅོད་སྲིད། ད་ལྟའི་བར་དུ་ཨ་མི་རི་ཀས་ཨུ་རུ་སུའི་མི་མང་སྒེར་པ་མང་དག་ཅིག་ལ་འགྲིམ་འགྲུལ་དང་དངུལ་སྒོར་བཀག་སྡོམ་གྱི་ཉེས་ཆད་བཅད། ཕྱི་ཟླ་༤་པའི་ཚེས་༦་ཉིན་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཕུ་ཊིན་གྱི་བུ་མོ་གཉིས་དང་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱི་ཆུང་མ། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་རྣམས་ཚུད་པའི་མི་བརྒྱ་ཕྲག་འགའ་ཞིག་ལ་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ། ཕུ་ཊིན་གྱི་བུ་མོ་གཉིས་དང་འདྲ་བར་ཨ་ལེ་ན་ཁ་བྷ་ཡེབ་ཀྱིས་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཨུ་རུ་སུའི་གཞུང་དངུལ་ཨ་སྒོར་དུང་ཕྱུར་མང་པོ་ལྐོག་ཏུ་ཉར་འཛིན་བྱེད་བཞིན་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༡ ལོར་ཨ་ལེ་ན་ཁ་བྷ་ཡེབ་ནི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་གཞོན་སྐྱེས་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་ཡིན་སྐབས།
༢༠༡༡ ལོར་ཨ་ལེ་ན་ཁ་བྷ་ཡེབ་ནི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་གཞོན་སྐྱེས་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་ཡིན་སྐབས།

རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཨོ་ལིམ་ཕིཀ་ལུས་རྩལ་འགྲན་སྡུར་བ་ཨ་ལེ་ན་ཁ་བྷ་ཡེབ་དང་ཕུ་ཊིན་གཉིས་༢༠༠༨་ལོར་ཐུག ༢༠༡༣་ལོར་ཕུ་ཊིན་གྱིས་ལོ་༣༠་ཐམ་པའི་རིང་གི་ཆུང་མ་སྟེ། བུ་མོ་གཉིས་ཀྱི་ཨ་མར་བཟའ་ཚང་ཁ་ཐོར་ཏེ་ཁ་བྷ་ཡེབ་ཞེས་འབོད་པའི་ན་གཞོན་མཛེས་མ་དེ་ཟུར་མོར་བསྟེན། ཕུ་ཊིན་དང་ཨ་ལེ་ན་བྷ་ཁ་ཡེབ་གཉིས་ལ་ཕྲུ་གུ་གསུམ་ཡོད་པའི་གླེང་སློང་འབྱུང་གི་ཡོད་པར་མ་ཟད། བྷ་ཁ་ཡེབ་དང་ཕྲུ་གུ་ཚོ་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ཨ་སྒོར་ས་ཡ་མང་པོའི་རིན་འབབ་ཀྱི་སྒེར་བདག་ཁང་ཆེན་ཞིག་གི་ནང་དུ་བསྡད་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་ཕུ་ཊིན་དང་ཨ་ལེ་ན་ཁ་བྷ་ཡེབ་གཉིས་ཀྱིས་འགབ་མཐུན་བྱེད་ཀྱི་ཡོད་པ་དང་ཕྲུ་གུ་ཡོད་པ་སོགས་གཏན་ནས་ངོས་ལེན་མ་བྱུང་། ཨུ་རུ་སུའི་མོ་སི་ཀོབ་སི་ཀི་ཚགས་པར་གྱིས་ཕུ་ཊིན་དང་ཁ་བྷ་ཡེབ་གཉིས་ཀྱིས་ལྐོག་ཏུ་གཉེན་རྟགས་བརྒྱབ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་བའི་རྗེས་སུ་ཚགས་པར་དེ་སྒོ་བརྒྱབ། ཨ་ལེ་ན་བྷ་ཁ་ཡེབ་ཀྱི་ལུས་པོ་མཉེན་པོ་ཡོད་པར་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེ། ཁོ་མོར་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་གསེར་གྱི་རྟགས་མ་འགའ་ཞིག་ཐོབ། ཨོ་ལིམ་ཕིཀ་རྩེད་འགྲན་ནས་བགྲེས་ཡོལ་ལ་ཕྱིན་པའི་རྗེས་སུ་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཕུ་ཊིན་གྱི་ཕྱོགས་གཏོགས་ཚོགས་པ་ཞིག་གི་འཐུས་མིར་བདམས་པ་དང་༢༠༡༤་ལོར་གྲོས་ཚོགས་ནས་དགོངས་པ་ཞུས། ད་ལོའི་ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་སུད་སི་གཞུང་གིས་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་ཉེས་ཆད་བཅད་པས་ཨ་ལེ་ན་བྷ་ཁ་ཡེབ་སྔར་བཞིན་སུད་སི་རྒྱལ་ཁབ་ཏུ་གནས་འཁོད་བྱ་རྒྱུ་སྟབས་བདེ་མེད་པར་གྱུར། ཉེ་དུས་ཤིག་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོས་དྲྭ་ལམ་དུ་སུད་སི་གཞུང་ལ་ཕུ་ཊིན་གྱི་གྲོགས་མོ་ཨུ་རུ་སུར་ཕྱིར་སློག་བྱ་དགོས་ཞེས་སྙན་ཞུ་ཕུལ་ནས་ལས་འགུལ་སྤེལ། དེང་སྐབས་ཨུ་རུ་སུའི་གཞུང་གིས་བཙོན་དུ་བཅུག་ཡོད་པའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ནེ་ཝལ་ནིའི་རྒྱབ་སྐྱོར་བ་དང་ལས་འགུལ་བ་ཨལ་བྷུ་རོབ་ཀྱིས་ཕུ་ཊིན་གྱི་གྲོགས་མོར་ཉེས་ཆད་གཅོད་དགོས། ཁོ་མོས་ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གི་གཙོ་འཛིན་གྱི་གོ་གནས་བཟུང་ཡོད་པས་དམག་འཁྲུག་གི་ནག་ཉེས་ཡོད། ཨ་ལེ་ན་ཁ་བྷ་ཡེབ་ལ་ངེས་པར་དུ་འགྲིམ་འགྲུལ་དང་དངུལ་སྒོར་བཀག་སྡོམ་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ།།

ཕུ་ཊིན་གྱི་བུ་མོ་ཆུང་བ།
ཕུ་ཊིན་གྱི་བུ་མོ་ཆུང་བ།

ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་ཅི་ཙམ་བྱས་ཡོད་མེད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་ལེ་ན་བྷ་ཁ་ཡེབ་དང་ཕུ་ཊིན་གཉིས་འགབ་མཐུན་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཁོ་མོའི་ཕ་མ་སྤུན་མཆེད་སོགས་ཕྱུག་པོར་གྱུར། ཁོ་ཚོས་ཁང་པ་གཉིས་ཉོས་པ་དང་ཁང་ཆེན་ཁག་ཏུ་ཁང་མིག་ལྔ་དྲུག་ཅིག་དང་ས་ཆ་ཨེ་ཀར་འགའ་ཞིག་ཉོས་འདུག་ཅེས་སྙན་ཐོ་བཏོན། ཡུཀ་རེན་གྱི་གཞུང་དང་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ནེ་ཝལ་ཎི་གཉིས་ཀས་སུད་སི་གཞུང་ལ་ཨ་ལི་ན་ཁ་བྷ་ཡེབ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་འབོད་སྐུལ་ཞུས། སུད་སི་གཞུང་གིས་ང་ཚོའི་ས་ཐོག་ཏུ་ཕུ་ཊིན་གྱི་གྲོགས་མོ་བསྡད་མེད་ཅེས་ལན་བཏབ། ཨ་རི་དང་སུད་ཛར་ལན་ཌི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་༢༠༡༥་ལོར་ཨ་ལེ་ན་བྷ་ཁ་ཡེབ་ལ་ཕྲུ་གུ་གཉིས་སྐྱེས་འདུག་ཅེས་བསྒྲགས་ཀྱང་ཨུ་རུ་སུའི་གཞུང་གིས་དེ་ལ་ངོས་ལེན་བྱེད་ཀྱི་མེད་མོད། འོན་ཀྱང་༢༠༡༩་ལོར་ཨ་མི་རི་ཀའི་གཞུང་གིས་ཕུ་ཊིན་གྱི་གྲོགས་མོར་ཕྲུ་གུ་མཚེ་ཕྲུག་ཅིག་སྐྱེས་འདུག་ཅེས་གནས་ཚུལ་སྤེལ། ལོ་ཤས་གོང་དེར་ཨ་རིའི་མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་ཕུ་ཊིན་ལ་ཨ་ལེ་ན་ཁ་བྷ་ཡེབ་ལ་འགབ་མཐུན་བྱེད་ཀྱི་ཡོད་མེད་དྲིས། ཕུ་ཊིན་གྱིས་མི་ཚང་མར་སྒེར་གྱི་འཚོ་བ་རེ་ཡོད་པ་དང་ངའི་སྒེར་གྱི་འཚོ་བར་ཐེ་གཏོགས་བྱེད་མི་ཆོག་པ་དང་དེ་ལ་བརྩི་འཇོག་བྱ་དགོས། སྐྱེ་བོ་གཞན་གྱི་འཚོ་བར་ཇུས་གཏོགས་དང་གང་ས་གང་དུ་སྔོག་འབྲུ་རྒྱག་པའམ། ཡང་ན་རྟོག་བཟོའི་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པའི་མི་དེ་ཚོར་ངས་ལྟ་སྟངས་ཡག་པོ་ཞིག་འཛིན་གྱི་མེད་ཅེས་ལན་འདེབས་བྱས་འདུག

ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༦་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༦༩་ལ་སོན་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ལོ་ན་༣༨་ལ་སོན་པའི་ཨ་ལེ་ན་ཁ་བྷ་ཡེབ་གཉིས་འགབ་མཐུན་བྱེད་ཀྱི་ཡོད་ཀྱང་ཁོ་མོས་གཉེན་སྒྲིག་ཟིན་པའི་ཕ་ལམ་གྱི་མཛུབ་དཀྲི་ཞིག་བཏགས། ཨུ་རུ་སུའི་གཞུང་གིས་ཕུ་ཊིན་དང་ཁ་བྷ་ཡེབ་གཉིས་ཀྱི་འབྲེལ་བའི་སྐོར་གསར་འགྱུར་ནང་དུ་ཅི་ཡང་ཐོན་དུ་མི་འཇུག་རྒྱུའི་ཐབས་སུ་འབད། ཨུ་རུ་སུའི་ནང་ཚགས་གསར་ཁང་གིས་ཨ་ལེ་ན་བྷ་ཁ་ཡེབ་༢༠༡༤་ལོར་གྲོས་ཚོགས་ནས་དགོངས་པ་ཞུས་པའི་རྗེས་སུ་ལོ་རེར་ཟླ་ཕོགས་ཨ་སྒོར་ས་ཡ་༡༠་རེ་ལེན་གྱི་འདུག ཨུ་རུ་སུའི་ཕྱུག་བདག་ཚོ་དང་ཚོང་པ། རྡོ་སྣུམ་དང་སོལ་རླངས། གསར་འགྱུར་ལས་ཁང་སོགས་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གི་བདག་པོ་ཚོས་ཁ་བྷ་ཡེབ་ཀྱི་ཨ་མར་རྒྱས་སྤྲོས་ཅན་གྱི་ཁང་པ་སོགས་སྤྲད་ནས་ལྐོག་མ་བརྫངས། ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་ཕུ་ཊིན་གྱི་གྲོགས་མོ་བརྒྱུད་ནས་སྲིད་གཞུང་ལ་ཚོང་འབྲེལ་བཙུགས། ཕུ་ཊིན་ལ་འབྲེལ་བ་ཅི་ཙམ་བཟང་པོ་དང་ཉེ་པོ་བྱུང་ན་ཨུ་རུ་སུའི་རྒྱལ་ནང་དུ་ཚོང་ལས་ཀྱི་གོ་སྐབས་ཐོབ་སྟེ་ཚོང་ལས་ལ་ལམ་འགྲོ་བརྒྱུགས་ནས་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཁག་ཅིག་གིས་ཡུ་རོབ་མཉམ་འབྲེལ་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་ཨ་མི་རི་ཀ་ལས་ལྷག་པར་ཨུ་རུ་སུའི་གནད་ཡོད་མི་སྣ་ཁག་ལ་འགྲིམ་འགྲུལ་དང་དངུལ་སྒོར་བཀག་སྡོམ་བྱེད་ཀྱི་འདུག ཨ་མི་རི་ཀས་ཕུ་ཊིན་གྱི་གྲོགས་མོར་ཉེས་ཆད་མ་བཅད་པར་འཛེམ་ཟོན་བྱེད་ཀྱི་ཡོད་པ་ནི་ཕྱིན་ཅི་ལོག་པ་དང་ཐབས་རྡུགས་ཤིག་རེད་ཅེས་སྐྱོན་བཙུགས། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོའི་ནང་ཁུལ་དུའང་ཕུ་ཊིན་གྱི་གྲོགས་མོར་ཉེས་ཆད་གཅོད་དགོས་པའི་ལྟ་བ་འཛིན་མཁན་ཤུགས་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༢༥་ཉིན་དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ལེ་ན་ཁ་བྷ་ཡེབ་ཀྱིས་ཨུ་རུ་སུའི་རྩེད་ཐང་ཆེན་མོར་ལོ་རེའི་ཨ་ལེ་ན་དུས་སྟོན་སྒོ་འབྱེད་བྱས་ནས་ན་གཞོན་ཚོའི་མཉམ་དུ་གར་སྟེགས་སུ་ལྷགས། ཁོ་མོས་ཨུ་རུ་སུའི་དམག་གི་གླུ་གཞས་བླངས་པ་དང་ཛི་ཡིག་འཕྱར། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་རྒྱག་གི་ཡོད་པར་རྒྱབ་སྐྱོར་གྱི་རྣམ་པ་བསྟན། ཕྱི་ཟླ་༥་པའི་ཚེས་༨་ཉིན་ཨུ་རུ་སུར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱལ་ཁ་ཐོབ་ནས་ལོ་༧༧་འཁོར་བའི་དུས་དྲན་ཆེན་པོ་ཞིག་ཚུགས་ཀྱི་ཡོད་པ་དེའི་སྐབས་སུ་ཨ་ལེ་ན་བྷ་ཁ་ཡེབ་ཀྱིས་དུས་སྟོན་ཐོག་ཏུ་འཁྲབ་སྟོན་བྱས་པའི་ལས་རིམ་རྣམས་བརྙན་འཕྲིན་ནང་དུ་སྟོན་རྒྱུ། ཨ་ལེ་ནའི་དུས་སྟོན་གྱི་གླུ་གཞས་མང་དག་ཅིག་ཨུ་རུ་སུ་དམར་ཤོག་གི་དམག་མིའི་གླུ་གཞས་ཡིན་འདུག ཁོ་མོས་གར་སྟེགས་སྟེང་དུ་གླུ་གཞས་དེ་ཚོ་བྱུང་རབས་ལྟར་ཡལ་བར་འགྱུར་མི་སྲིད། དགའ་སྟོན་འདི་རྒྱལ་ཡོངས་གཅིག་པུ་མིན་པར་ཁྱིམ་ཚང་རེ་རེར་འབྲེལ་བ་ཆགས་ཡོད། ཅིའི་ཕྱིར་ཞེ་ན་ཨུ་རུ་སུའི་ཁྱིམ་ཚང་རེར་དམག་འཁྲུག་གི་གཏམ་རྒྱུད་རེ་བཤད་རྒྱུ་ཡོད། ང་ཚོས་དེ་ནམ་ཡང་བརྗེད་མི་ཉན་ཞེས་ན་གཞོན་ཚོར་གཏམ་བཤད་བྱས་འདུག དུས་རྒྱུན་ཨ་ལེ་ན་བྷ་ཁ་ཡེབ་མི་ཚོགས་ཁྲོད་དུ་མཐོང་ཐོས་དཀོན་པ་དང་དྲྭ་ལམ་དུའང་པར་དང་བརྙན་ཐུང་འགྲེམ་སྤེལ། མཆན་ལ་སོགས་པ་བྲིས་ནས་ཧུར་པོ་བྱ་རྒྱུ་ཤིན་ཏུ་འབྱུང་དཀོན། གལ་སྲིད་ཁོ་མོས་མཆན་ཞིག་བྲིས་ན་རྗོད་ཚིག་ལ་གཟབ་ནན་གྱིས་ཕུ་ཊིན་ལ་འབྲེལ་བ་མེད་པ་དང་སྲིད་གཞུང་ལ་སྐྱོན་བརྗོད་མིན་པ་གཙིགས་སུ་འཛིན། ད་ལྟ་ཁོ་མོ་མི་ཚོགས་ཁྲོད་དུ་ཐོན་ཏེ་སྔར་ལས་ཇེ་མཛེས་སུ་ཕྱིན་ཡོད་པ་དང་དམག་འཁྲུག་ལ་ཡོངས་གྲགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཨུ་རུ་སུའི་མི་དམངས་རྣམས་ཧང་སང་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG