ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་མཐུན་ཡིན་མིན་གྱི་རྩོད་པ། 


༄༅།། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་སྲིད་འཛིན་ལ་རྒྱུད་སྐུལ་བྱས་པ་ལྟར་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་ཤིང་། བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པ་ཁག་གི་འཐུས་མི་ཚོས་ཆེས་མཐོ་ཁྲིམས་ཁང་ལ་སྲིད་བློན་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་དོན་ལ་འགལ་འདུག་ཅེས་ཁ་མཆུ་བཙུགས། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྙན་ཞུ་༡༢་ལ་བདག་པོ་བརྒྱབ་ནས་གཟའ་པ་སངས་ཉིན་ཆེས་མཐོའི་ཁྲིམས་ཁང་གིས་ཉན་ཞིབ་བྱ་རྒྱུའི་ཐག་བཅད་འདུག བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་དཔོན་དང་ལས་རོགས་ཁྲིམས་དཔོན་བཞི་བཅས་ཁྲིམས་དཔོན་ལྔས་ཉན་ཞིབ་ཀྱི་རྒྱུད་རིམ་ལ་གཙོ་སྐྱོང་བྱ་རྒྱུ། བལ་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གི་ལས་སྣེ་ཚོས་ཤར་མ་ཨོ་ལིར་གྲོས་ཚོགས་ཕྱིར་བསྡུ་བྱེད་ཆོག་པའི་དབང་ཚད་མེད་ཅེས་རྩོད་པ་བཙུགས། ད་ལྟ་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ཤོག་ཁག་གཉིས་སུ་ཐོར། ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ཀྱིས་འགོ་ཁྲིད་པའི་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འཐབ་རྩོད་ཆེན་པོ་བྱུང་། བལ་ཡུལ་གྱི་སྲིད་དོན་པ་མང་དག་ཅིག་གིས་ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ཀྱིས་དབང་རྩོད་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་ཀྱི་མེད་པར་སྐྱོན་བརྗོད་བྱེད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི།
བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི།

བལ་ཡུལ་གྱི་མཉམ་སྐྱོང་དམར་ཤོག་ཚོགས་པའི་སྲིད་གཞུང་ཚུགས་ནས་ལོ་༢་དང་ཟླ་བ་༧་ལས་ཕྱིན་མེད། ཁ་སང་གཟའ་ཕུར་བུ་ནས་བལ་ཡུལ་ལ་མཉམ་འབྲེལ་དམར་ཤོག་ཚོགས་པ་ཟེར་བ་ཞིག་མེད་པར་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་དང་པུ་ཤ་པ་ཀ་མལ་དྷལ་གྱིས་འགོ་ཁྲིད་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཞེས་དམར་ཤོག་ཚོགས་པ་གཉིས་སུ་གྱེས། ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ཀས་རང་གི་སྲིད་དོན་ཚོགས་པ་དེ་ཁྲིམས་མཐུན་གྱི་བལ་བོའི་དམར་ཤོག་ཚོགས་པ་ཡིན་ཞེས་རྩོད་པ་རྒྱག་འགོ་ཚུགས། བལ་ཡུལ་གྱི་དམར་ཤོག་ཚོགས་པ་ངོ་མ་དེ་ཤོག་ཁག་གང་གི་ཚོགས་པ་དེ་ཡིན་མིན་དབུས་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་བྱ་དགོས། གལ་སྲིད་བལ་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་བྱེད་མ་ཐུབ་ན་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་དེ་ཐག་གཅོད་བྱ་དགོས་ཐུག་སྲིད། ཁ་སང་གཟའ་མིག་དམར་ཉིན་ཤར་མ་ཨོ་ལིས་རང་གི་སྲིད་དོན་ཚོགས་པའི་དབུས་རྒྱུན་ལས་རྣམས་ཚོགས་འདུར་བསྐོངས། ཁོ་པས་དྷལ་དང་མ་དྷབ་ནེ་པལ། ཇཱ་ལ་ན་ཏ་ཁཱ་ནལ་སོགས་བློ་མཐུན་ཁག་ཅིག་མེད་ཀྱང་བལ་ཡུལ་གྱི་དམར་ཤོག་ཚོགས་པར་འགྱུར་བ་གང་ཡང་ཐེབས་ཐུབ་ཀྱི་མ་རེད་ཅེས་བཤད་པར་མ་ཟད། ཕྱོགས་ཁག་དེའི་ཚོགས་མི་༡༡༩༩་རྒྱས་འཛོམས་ཚོགས་འདུར་གང་མགྱོགས་བསྐོང་དགོས་པའི་གྲ་སྒྲིག་ཚོགས་ཆུང་བཙུགས། ཤར་མ་ཨོ་ལིའི་ཤོག་ཁག་དེའི་མགྲིན་ཚབ་པར་པྲ་དིབ་གྷ་ཝ་ལི་བསྐོས། དེ་ནས་འཕྲལ་དུ་སྲིད་དོན་ཚོགས་པ་དེ་བལ་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་ལ་ཐོ་འགོད་བྱས་འདུག

པུ་ཤ་པ་ཀ་མལ་དྷལ་གྱི་ཕྱོགས་གཏོགས་པ་ཚོས་ཀྱང་དབུས་རྒྱུན་ལས་རྣམས་ཚོགས་འདུར་བསྐོངས་ནས་ཤར་མ་ཨོ་ལི་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་ཕྱིར་ཕུད་བྱས་པ་ཡིན། ཉིན་དེའི་སྔ་དྲོར་ཤར་མ་ཨོ་ལིའི་ཤོག་ཁག་གི་ཚོགས་འདུ་ཚོགས་པ་ནི་མི་ཉུང་ཤས་ཤིག་གི་ཚོགས་འདུ་ཡིན་པ་ལས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་འདུ་མིན་པའི་ཐག་བཅད། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལྟར་ཤར་ཨོ་ལི་སྲིད་དོན་ཚོགས་པའི་གཙོ་འཛིན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་བའི་རྗེས་སུ་མ་དྷབ་ནེ་པལ་སྤྱི་མོས་ཀྱིས་དྷལ་དང་གོ་གནས་འདྲ་མཉམ་གྱི་དམར་ཤོག་ཚོགས་པའི་ཟུང་འབྲེལ་གཙོ་འཛིན་ལ་བསྐོས། ཟླ་ཤས་སྔོན་ནས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ལ་འགལ་ཟླ་ཆེན་པོ་བྱུང་སྟེ་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་འཐོར་འགྲོ་གྲབས་སུ་གྱུར། དེ་ནས་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཐེངས་གཉིས་ལ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ལ་བར་འདུམ་བྱས་ནས་སྐབས་ཤིག་གི་རིང་དུ་ཁུངས་འཁྱོལ། ཤར་མ་ཨོ་ལིས་དངོས་སུ་པུ་ཤ་པ་ཀ་མལ་དྷལ་ཞེས་མིང་འབོད་མ་བྱས་ཀྱང་འགོ་ཁྲིད་ཁག་ཅིག་ལ་དངུལ་སྒོར་དང་གོ་གནས། རང་གི་ཁྱིམ་ཚང་མ་གཏོགས་བསམ་རྒྱུ་མི་འདུག ང་ཚོས་གྲོས་ཚོགས་ཕྱིར་བསྡུ་བྱེད་དུ་མ་བཅུག་ཐབས་མེད་རེད། ཅིའི་ཕྱིར་ཞེ་ན་དངུལ་སྒོར་དང་གོ་གནས། རང་གི་ཁྱིམ་ཚང་མ་གཏོགས་བསམ་རྒྱུ་མེད་པའི་མི་ཞིག་ལ་རྒྱལ་ཁབ་རྩིས་སྤྲོད་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བཙུགས། ཁོ་པས་པུ་ཤ་པ་ཀ་མལ་དྷལ་ལ་གཞུང་འཛིན་ཚོགས་པའི་གཙོ་འཛིན་གྱི་གོ་གནས་སྤྲད་ཀྱང་སྲིད་དོན་ཚོགས་པ་གཅིག་སྒྲིལ་བྱ་རྒྱུ་དེར་འབད་བརྩོན་བྱས་མ་སོང་། དེའི་ཚབ་ཏུ་སྲིད་བློན་ལ་ཡིད་ཆེས་མེད་པའི་འོས་ཤོག་འཕེན་དུ་འཇུག་ཐབས་དང་སྲིད་བློན་ལ་ཉེས་འཛུགས་བྱ་ཐབས། སྲིད་བློན་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུའི་ངན་ཇུས་བཤམས་པ་རེད་ཅེས་བསྒྲགས། པུ་ཤ་པ་ཀ་མལ་དྷལ་གྱིས་རང་གི་ཕྱོགས་ཁག་དེའི་ཚོགས་འདུའི་ཐོག་ཏུ་ཤར་མ་ཨོ་ལི་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་རྒྱལ་ཁབ་འཛིན་སྐྱོང་ལ་འཐུས་ཤོར་ཆེན་པོ་བཏང་སོང་། སྲིད་དོན་ཚོགས་པའི་ཚོགས་འདུ་ཞིག་འཚོགས་དགོས་ན་ང་ཚོས་ཁོ་པར་ཞུ་བ་འཐེན་དགོས་ཀྱི་འདུག ང་ཚོས་བལ་ཡུལ་གྱི་དམར་ཤོག་ཚོགས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་ལྷག་བསམ་རྣམ་དག་གིས་བསམ་བློ་བཏང་བ་ཡིན། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གསུམ་ང་ཚོའི་ཕྱོགས་སུ་ཡོད་པ་དང་ང་ཚོར་དམར་ཤོག་ཚོགས་པའི་འཐུས་མི་གསུམ་ཆའི་གཉིས་ཡོད་ཅེས་བཤད།།

༢༠༡༨་ལོར་བལ་ཡུལ་གྱི་མཉམ་འབྲེལ་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་དུས་སུ་འཐུས་མི་༤༤༡་འདུས། བལ་ཡུལ་གྱི་སྲིད་དོན་ཚོགས་པ་འཛུགས་ཕྱོགས་ཀྱི་ཁྲིམས་ཡིག་ལྟར་ན་སྲིད་དོན་ཚོགས་པ་གང་ཞིག་ལ་དབུས་རྒྱུན་ལས་ཀྱི་འཐུས་མི་བརྒྱ་ཆ་༤༠་ཡོད་པའམ། ཡང་ན་གྲོས་ཚོགས་འཐུས་མི་བརྒྱ་ཆ་༤༠་ཡོད་ན་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་ཆོག ད་ལྟ་བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱས་ཟིན་ཡོད་པས་ཤོག་ཁག་དེ་ཚོས་རང་རང་གི་དབུས་རྒྱུན་ལས་ཀྱི་འཐུས་མི་བརྒྱ་ཆ་༤༠་ཐམ་པའི་མིང་ཐོག་ཏུ་སྲིད་དོན་ཚོགས་པ་གསར་འཛུགས་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁ་འཐོར་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཤར་མ་ཨོ་ལིས་སྲིད་བློན་དང་དམར་ཤོག་ཚོགས་པའི་གཙོ་འཛིན་གྱི་གོ་གནས་གཉིས་ཀ་བཟུང་སྟེ་སྲིད་དབང་ཆ་བགོ་མ་བྱས་པ། པུ་ཤ་པ་ཀ་མལ་དྷལ་དང་ཤར་མ་ཨོ་ལི་གཉིས་ཀས་སྲིད་དབང་རེས་མོས་སུ་འཛིན་རྒྱུའི་ཐག་གཅོད་བྱས་པ་ཁ་དན་ཚིག་ལ་མ་གནས་པ། སྐབས་ཤིག་པུ་ཤ་པ་ཀ་མལ་དྷལ་འུ་ཐུག་ནས་བལ་ཡུལ་གྱི་ཀོང་རེ་ཚོགས་པར་མཉམ་འབྲེལ་བྱ་དགོས་བྱུང་ཞིང་། ན་ནིང་ཕྱི་ཟླ་༡༡་པ་ནས་དྷལ་ལ་གཞུང་འཛིན་ཚོགས་པའི་གཙོ་འཛིན་གྱི་གོ་གནས་སྤྲད་ཀྱང་སྲིད་དབང་ངོ་མ་ཤར་མ་ཨོ་ལིས་གཏན་ནས་མ་སྤྲད་པ། ཨོ་ལིས་རང་གི་ཕྱོགས་གཏོགས་རྣམས་གོ་གནས་སྤར་པ་དང་བལ་ཡུལ་ལ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཤིག་དར་སྤེལ་གཏོང་ཐབས་བྱས་པས་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་འཐོར་འགྲོ་དགོས་བྱུང་ཡོད་པ་རེད།།

བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་ཀོང་རེ་སི་ཚོགས་པས་བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་ཁྲིམས་གཏུག་བྱས་ནས་གྲོས་ཚོགས་སླར་གསོ་བྱ་རྒྱུ་དང་། ལོ་རྗེས་མར་བལ་ཡུལ་ལ་སྤྱི་ཡོངས་འོས་འདེམས་གསར་པ་བྱེད་ན་དགེ་མཚན་ཡོད་མེད་གཉིས་ཀྱི་ཐབས་ལམ་གང་འཛིན་དགོས་མིན་ཐག་མ་ཆོད་པར་ལུས། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས་གྲོས་ཚོགས་སླར་གསོ་བྱ་དགོས་ཞེས་ཁྲིམས་གཏུག་མ་བྱས་ན་ལེགས། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ཁ་འཐོར་དུ་ཕྱིན་ཡོད་པས་ལོ་རྗེས་མར་གསར་དུ་འོས་འདེམས་བྱེད་ན་ཀོང་རེ་སི་ཚོགས་པར་ཁེ་ཕན་འདུག་ཟེར། ཁ་སང་གཟའ་མིག་དམར་ནས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་དབུས་རྒྱུན་ལས་རྣམས་ཀྱང་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཚོ་འཐབ་ཇུས་གང་བསྟེན་དགོས་མིན་ཐད་དུ་ལྟ་ཚུལ་ཐ་དད་ཡིན་པ་སྟེ། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཁག་ཅིག་གི་ཕྱི་ཟླ་༤་པའི་ཚེས་༣༠་ནས་ཕྱི་ཟླ་༥་པའི་ཚེས་༡༠་བར་དུ་འོས་འདེམས་གསར་པ་བྱ་འཆར་ཡོད་པ་དེར་གྲ་སྒྲིག་བྱ་དགོས་པའི་ལངས་ཕྱོགས་བཟུང་། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཁག་ཅིག་གིས་ནད་ཡམས་སོགས་ཀྱིས་བལ་ཡུལ་ལ་སྤྱི་ཡོངས་འོས་འདེམས་ཡག་པོ་ཞིག་གཏན་ནས་བྱེད་ཐུབ་མ་རེད། དེ་ལས་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་བལ་ཡུལ་རྒྱལ་ཡོངས་སུ་མི་དམངས་ལ་ལས་བཤོལ་ངོ་རྒོལ་བྱེད་དུ་འཇུག་དགོས་ཞེས་ལངས་ཕྱོགས་གསལ་པོར་བསྟན། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་ཀྱང་ཤར་མ་ཨོ་ལིས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོ་ཚོ་གྲོས་ཚོགས་སླར་གསོ་དང་འོས་འདེམས་གསར་པ་བྱ་དགོས་པ་གཉིས་ལ་ལྟ་ཚུལ་མཐུན་དཀའ་བ་ཞིག་ཏུ་གྱུར། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷས་ཤར་མ་ཨོ་ལིས་གྲོས་ཚོགས་ཕྱིར་བསྡུ་དང་འོས་འདེམས་གསར་དུ་བྱ་དགོས་པའི་ཐག་གཅོད་བྱས་པ་ནི་སྲིད་དབང་སྒེར་གཅོད་ཀྱི་ལམ་སྲོལ་ཞིག་གསར་གཏོད་བྱ་རྒྱུའི་དམིགས་ཡུལ་རེད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་ནམ་ཡང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱེད་ཐུབ་ཐབས་མེད་ཅེས་བཤད། སྔོན་ཆད་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་སྲིད་དབང་བཟུང་བའི་དུས་སུའང་གྲོས་ཚོགས་ཕྱིར་བསྡུ་དང་རང་གི་ཁེ་ཕན་ཆེད་དུ་འོས་འདེམས་གསར་པ་བྱ་དགོས་པའི་ཐག་གཅོད་བྱས་མྱོང་ཡོད་པ་རེད།།

XS
SM
MD
LG