ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

རྒྱ་ནག་པ་ཚོ་ཊམ་དང་བྷ་ཌན་གཉིས་ཀྱི་སུ་ལ་འཐོབ་ན་མོས་པ་ཡོད་མེད། 


རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་རྒྱལ་དར་འཚོང་ས་ཞིག་ཏུ་ཨ་རིའི་དར་ཆ་དང་སྲིད་འཛིན་ཊམ་གྱི་འབོད་ཚིག་ཡོད་པའི་རྒྱལ་དར་བཤམས་ཡོད་པ།

༄༅།། ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀའི་སྤྱི་དམངས་ཀྱིས་རང་གི་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པ་སྟེ། ཉིན་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་མམ། ཡང་ན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀྱི་གཅིག་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་དེར་འོས་འདེམས་བྱ་རྒྱུ་ཡིན་ཞིང་། རྒྱ་ནག་པ་ཚོར་ཨ་རིའི་སྲིད་འཛིན་ལ་འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་མེད་ཀྱང་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དེས་རྒྱ་ནག་མི་མང་ས་ཡ་མང་པོའི་འཚོ་བ་དང་ལས་ཀ སློབ་སྦྱོང་བཅས་ལ་ཕན་གནོད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ལོ་འདིའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་རྒྱ་ནག་པ་ཚོས་ཀྱང་དོ་སྣང་དང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ལས་སུ་ལ་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་ན་འདོད་པ་ཡོད་མེད་ལྟ་སྟངས་བཟུང་སྟེ་རང་ཉིད་མོས་པ་ཡོད་པའི་འོས་མི་དེར་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་བསམ་འདུག ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་རྒྱ་ནག་གཞུང་དམངས་གཉིས་ཀྱིས་སྔོན་ཆད་དོ་སྣང་བྱས་མྱོང་མེད་པ་ཞིག་བྱེད་ཀྱི་འདུག་ཅེས་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་སོགས་བྱེད་ཀྱི་ཡོད་པ་རེད།།

གཟའ་འཁོར་འདིར་རོ་ཡེ་ཊར་གསར་འགྱུར་ལས་ཁང་དང་ཨོ་གླིང་གསར་འགྱུར་ལས་ཁང་གཉིས་ཀྱིས་རྒྱ་ནག་པ་མང་དག་ཅིག་ལ་ཨ་རིའི་སྲིད་འཛིན་འོས་འདེམས་དང་སྲིད་འཛིན་འོས་མི་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་པ་སྐད་ཆ་འདྲི་ཡུལ་དེ་དག་ལ་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་མོས་པ་ཡོད་མེད་བཅས་དྲིས། ལོ་ན་༣༤་ལ་སོན་པའི་པར་པ་ཅུག་ལིན་ཞེས་པ་ཞིག་གིས་ཌོ་ནལ་ཊམ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་མོས་པ་ཡོད། ཌོ་ནམ་ཊམ་ནི་མི་མཁྲེགས་པོ་དང་ཚོང་པ་རྣམ་དཔྱོད་ཅན་ཞིག་རེད། ཁོ་པ་ཚོང་ལས་འཇོན་པོ་ཡོད་པའི་སྟབས་ཀྱིས་ཨ་རི་དང་རྒྱ་ནག་གི་ཚོང་དམག་ལ་སྟངས་འཛིན་ཡག་པོ་བྱས་སོང་། ངས་བལྟས་ན་རྒྱ་ནག་གིས་ཨ་མི་རི་ཀར་ཁ་གཏད་གཅོག་གི་ཡོད་པ་ནི་གླེན་རྟགས་རེད་ཅེས་བཤད། ལོ་ན་༥༠་ཐམ་པར་སོན་པའི་རྒྱ་ནག་གི་ལོ་རྒྱུས་དགེ་རྒན་ཀྲུའུ་ཞིན་ཞེས་པ་ཞིག་གིས་ཀྱང་ཌོ་ནམ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་མོས་པ་ཡོད། ངས་ཌོ་ནལ་ཊམ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་འཆང་ཡོད། ཁོ་པས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དེར་དགེ་མཚན་འདུག རྒྱ་ནག་ལ་གནོན་ཤུགས་སྤྲད་ན་རྒྱ་ནག་གིས་རང་སྐྱོན་ཡོ་བསྲང་བྱས་ནས་ལམ་ཕྱོགས་ཡང་དག་པ་ཞིག་ལ་བསྐྱོད་རྒྱུ་རེད་ཅེས་བཤད། ལོ་ན་༢༥་ལ་སོན་པའི་སློབ་ཆེན་མཐར་སོན་པ་ཝྭན་སི་ཡའོ་ཞེས་པ་ཞིག་གིས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ནི་ཌོ་ནལ་ཊམ་ལྟར་འགོ་ཁྲིད་འཇོན་པོ་ཞིག་རེད་བསམ་གྱི་འདུག རྒྱ་ནག་པ་ཁག་ཅིག་གིས་ཌོ་ནལ་ཊམ་ལས་ཀྱང་ཇཱོ་བྷ་ཌན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག ཌོ་ནལ་ཊམ་གྱི་སྲིད་ཇུས་ཁག་ཅིག་མཛའ་མཐུན་གྱི་སྲིད་ཇུས་ཤིག་མ་རེད། ཡིན་ནའང་ཁོ་པས་རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དོན་དུ་ངོ་མར་འཐབ་རྩོད་བྱེད་ཀྱི་འདུག ཇཱོ་བྷ་ཌན་གྱི་སྐད་ཆ་དེ་ཚོ་གནས་ལུགས་ཡོད་པ་ཞིག་རེད་བསམ་གྱི་མི་འདུག་ཅེས་བཤད།།

རྒྱ་ནག་པ་ཁག་ཅིག་གིས་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་རང་གི་ལས་ཀ་འཆོར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། དཔེར་ན་ལོ་༢༤་ལ་སོན་པའི་ཨེ་རིཀ་ལི་ཞེས་པ་ཞིག་གིས་ཌོ་ནལ་ཊམ་ལ་སླར་ཡང་ཕོ་བྲང་དཀར་པོར་ལོ་བཞིའི་རིང་སྲིད་དབང་འཛིན་རྒྱུའི་གོ་སྐབས་འཐོབ་ན་ཆག་སྒོ་རེད། ང་ནི་ཨ་མི་རི་ཀར་ལོ་ཤས་རིང་སློབ་སྦྱོང་བྱས་ནས་བསྡད་མྱོང་བའི་སློབ་ཕྲུག་ཅིག་ཡིན། ང་ཨ་རིའི་འགོ་ཁྲིད་དེར་བསམ་བློ་གུ་ཡངས་དང་སྤྱི་ཚོགས་བདེ་ལ་འགོད་མཁན། འཆམ་མཐུན་དང་མི་རིགས་འདྲ་མིན་ལ་བཟོད་སྒོམ་བྱེད་ཐུབ་པ་ཞིག་འདེམས་ཐོན་བྱུང་ན་དགའ་མོས་ཡོད། མི་རིགས་དབྱེ་འབྱེད་དང་མཐོང་ཆུང་། རྩ་ཁྲིམས་ལ་རྒྱབ་འགལ་དང་སྐྱག་རྫུན་ཁོ་ན་བཤད་མཁན་གྱི་མི་ཞིག་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་དགའ་མོས་མེད་ཅེས་བཤད། ལོ་ན་༣༡་ལ་སོན་པའི་ཆ་འཕྲིན་འཕྲུལ་རྩལ་ཆེད་ལས་པ་ཧྥོ་བྷེ་ཝང་གིས་ཌོ་ནལ་ཊམ་ལ་དགའ་མོས་གཏན་ནས་མེད། ཁོ་པ་བླ་ན་མེད་པའི་རྒྱ་ནག་སྡང་དགྲར་འཛིན་མཁན་ཞིག་རེད། ངས་རྒྱ་ནག་གི་འཕྲུལ་རྩལ་བཟོ་ཚོང་ལས་ཁང་ཞིག་ཏུ་བྱ་བ་ལས་ཀྱི་ཡོད། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྐད་འཕྲིན་དང་ཊིཀ་ཊོཀ་སོགས་བཀོལ་ཆས་ཁག་འགོག་གི་ཡོད་པར་དང་ལེན་བྱེད་ཐུབ་ཀྱི་མི་འདུག ཁོ་པ་ཧ་ཅང་གི་མི་རྗེས་ལུས་ཅན་ཞིག་ཡིན་པ་དང་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ཏོག་དབྱིབས་རིམས་ནད་འགོག་ཐུབ་ཀྱི་མེད་པ་ནི་སྐྱི་གཡའ་བ་ཞིག་རེད། ཌོ་ནལ་ཊམ་གྱི་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་དང་བསྐྱར་འདེམས་འབྱུང་རྒྱུ་ཁོ་ནའི་ཆེད་དུ་ཨ་མི་རི་ཀ་བ་འབུམ་ཕྲག་མང་པོའི་ཚེ་སྲོག་བློས་གཏོང་གི་འདུག་ཅེས་བཤད།།

རྒྱ་ནག་གི་ཞིང་ལས་ཐོན་སྐྱེད་ཚོང་པ་སྟེ། ལོ་ན་༤༢་ལ་སོན་པའི་ཅིན་དབྱང་ཞེས་པ་ཞིག་གིས་ཀྱང་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་སེམས་ཁྲལ་ཡོང་གི་འདུག ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་བཏང་ནས་ངའི་ཞིང་ལས་ཀྱི་ཐོན་སྐྱེད་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག་སོང་། ཨ་མི་རི་ཀར་འབྲེལ་བ་སྡུག་ཏུ་སོང་བའི་སྟབས་ཀྱིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་སྲན་དཀར་གྱི་རིན་གོང་གནམ་ལ་འཕར་སོང་། དེས་ན་ངས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡག་ཏུ་འགྲོ་རྒྱུ་དང་ང་ལྟ་བུའི་ཞིང་ལས་ཐོན་སྐྱེད་ཀྱི་ཚོང་པ་ཚོའི་དཀའ་ངལ་ཆུང་དུ་འགྲོ་སྲིད་པའི་རེ་བ་འཆང་ཡོད་ཅེས་བཤད། རྒྱ་ནག་གི་བཟོ་གྲྭ་ཁག་དང་འཕྲུལ་རྩལ་བཟོ་ཚོང་ལས་ཁང་ཁག་གི་བཟོ་པ་མང་དག་ཅིག་གིས་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་རྒྱ་ནག་གི་བཟོ་པ་མང་དག་ཅིག་གི་ལས་ཀ་འཆོར་སྲིད་པའི་བློ་འཚབ་འདུག་ཅེས་བཤད། སུའུ་ཀྲུག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཝྭིཀ་ཊོར་གའོ་ཡིས་ཇཱོ་བྷ་ཌན་རྒྱ་ནག་གི་དགྲ་གཉེན་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་བཤད་དཀའ། འོན་ཀྱང་བྷ་ཌན་མི་གཤིས་བརྟན་པོ་དང་ཡིད་རྟོན་རུང་བ་ཞིག་རེད། ཇཱོ་བྷ་ཌན་གྱི་འགོ་ཁྲིད་འོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་རྒྱུ་ཡིན་མིན་ནི་གནད་དོན་ཐ་དད་ཅིག་རེད། ཌོ་ནལ་ཊམ་གྱི་སྲིད་གཞུང་ནི་ཡོངས་སུ་རུལ་སུངས་སུ་གྱུར་ཏེ་ཁོ་པ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཨ་མི་རི་ཀའི་མི་དམངས་ཀྱི་མཚན་ཤས་དང་འཛམ་གླིང་མི་དམངས་ཀྱི་མཚན་ཤས་ཤིག་རེད་ཅེས་བཤད།།

སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོའི་སྐབས་སུ་རྒྱ་ནག་ཅེས་ཐེངས་༡༣་གླེང་ཡང་འོས་མི་གཉིས་ཀས་མ་འོངས་པའི་ལོ་བཞིའི་རིང་ལ་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན། རྒྱ་ནག་ལ་འབྲེལ་བ་ཡོད་པའི་ཨ་མི་རི་ཀའི་ཕྱི་སྲིད་ཀྱི་ཁ་ཕྱོགས་གང་ལ་བསྒྱུར་རྒྱུ་ཡིན་མིན་སོགས་ལ་བགྲོ་གླེང་ལྷུག་པོ་ཞིག་གཏན་ནས་བྱུང་མེད་པར་མ་ཟད། ཨ་རྒྱ་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་དང་ཨ་རིའི་འཕྲུལ་རིག་ལག་རྩལ་གྱི་བདག་དབང་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པ། ཨ་རྒྱ་གཉིས་ཀྱིས་དོན་གཅོད་ཁང་སྒོ་རྒྱག་རེས་བྱས་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་འཁྲུག་གི་ཉེན་ཁ་ཡོད་པ་རྣམས་ཇི་ལྟར་འགོག་རྒྱུ་ཡིན་མིན་རྣམས་གསལ་བཀྲོལ་མ་བྱུང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་པ་དང་རྒྱ་ནག་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་བགོས་པའི་ནག་ཉེས་ཡོད་ཅེས་ཁ་རྡུང་བཏང་སྟེ་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པ་རྣམ་འགྱུར་བསྟན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱིས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་ཆེད་དུ་རྒྱ་ནག་ཁ་ལ་ཁྱེར་ནས་རྩ་དོན་ཞིག་ལ་མ་བསྒྱུར་ན་ལེགས་ཞེས་སྲིད་འཛིན་ཊམ་གྱི་སྐད་ཆ་དེ་ཚོར་དགག་པ་བརྒྱབ་འདུག ཡུ་རོབ་ཏུ་གནས་འཁོད་རྒྱ་ནག་ཉམས་ཞིབ་པ་ཆཱང་ཝུ་ཡིས་ཨོ་གླིང་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཚུལ་དུ་རྣམ་འགྱུར་གང་འདྲ་ཞིག་བསྟན་ཡང་དོན་དངོས་སུ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་དགའ་མོས་ཡོད་པར་ཐེ་ཚོམ་བྲལ། ཌོ་ནལ་ཊམ་དང་བསྡུར་ན་ཇཱོ་བྷ་ཌན་གྱི་མི་གཤིས་རྩུབ་པོ་མ་རེད། ཇཱོ་བྷ་ཌན་འགོ་ཁྲིད་ཅིག་ཡིན་པ་ལས་གནས་སྐབས་ཀྱི་ཁེ་ཕན་གཅིག་པུར་དམིགས་པའི་སྲིད་དོན་པ་ཞིག་མ་རེད། བྷ་ཌན་གྱིས་ཨ་རིའི་གཞུང་དམངས་གཉིས་ཀ་མོས་མཐུན་ཡོད་པའི་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་དང་ཨ་མི་རི་ཀས་འཛམ་གླིང་ལ་འགོ་ཁྲིད་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་བརྟན་པོ་ཞིག་འཛིན་རྒྱུ་ཡིན་པས་མ་འོངས་པར་རྒྱ་ནག་ལ་དཀའ་ངལ་ཆེ་རུ་འགྲོ་སྲིད། ང་ཚོས་ཧྭ་ཝེ་དང་ཨ་རྒྱའི་ཚོང་ལས་སོགས་ལ་བལྟས་ན་ཌོ་ནལ་ཊམ་གྱིས་སྐད་ཅོར་བརྒྱབ་པ་ཙམ་ལས་དོན་དངོས་ཀྱི་གྲུབ་འབྲས་མེད་པ་མཐོང་གསལ་རེད། ཁོ་པས་རྒྱལ་ཁབ་ཀྱི་རྩ་དོན་དང་ཁེ་ཕན་རྣམས་བློས་བཏང་ནས་རང་ཉིད་བསྐྱར་དུ་འདེམས་ཐོན་ཡོང་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG