ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

འཛམ་གླིང་གསར་ལམ་ཁག་ནས་རྒྱ་ནག་གིས་ཐེ་ཝན་ལ་སྡིཊ་སྐུལ་ཐད་གླེང་སློང་།


༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༣ ཉིན་ཐེ་ཝན་གྱི་འཛིན་གསར་པས་ཐེ་ཝན་བྱང་ཕྱོགས་ཀྱི་དམག་སྒར་ལ་གཟིགས་ཞིབ་གནང་སྐབས་གཏམ་བཤད་གནང་བཞིན་པ།
༢༠༢༤ ལོའི་ཟླ་བ༥ པའི་ཚེས་༢༣ ཉིན་ཐེ་ཝན་གྱི་འཛིན་གསར་པས་ཐེ་ཝན་བྱང་ཕྱོགས་ཀྱི་དམག་སྒར་ལ་གཟིགས་ཞིབ་གནང་སྐབས་གཏམ་བཤད་གནང་བཞིན་པ།

སྤྱི་ཟླ་༥ པའི་ཚེས་༢༣ རེས་གཟའ་ཕུར་བུའི་ཉིན་ལ། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་གནམ་མཚོ་གཉིས་ནས་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་ཚུགས་ཏེ། སྲིད་འཛིན་གསར་པ་སྐུ་ཞབས་ལའེ་ཆིང་ཏེ་མཆོག་ལ་སྡིགས་ར་བསྐུལ་བའི་བྱ་སྤྱོད་སྤེལ་འདུག། དེའི་ཐད་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་དུ། རྒྱ་ནག་གིས་དམག་སྦྱོང་རིམ་པ་གསར་པ་ཞིག་སྤེལ་དོན་ནི། གཙོ་བོ་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེ་ལ་ཁོང་ཁྲོ་དང་འདོད་བློ་ཁེངས་ཀྱི་མེད་པའི་རྐྱེན་གྱིས་ཡིན་པ་དང་། རྒྱ་ནག་གཞུང་གིས་ལའེ་ཆིང་ཏེ་ནི་ངན་སྤྱོད་ཁྲེལ་མེད་ཅིག་དང་རང་བཙན་ཕྱོགས་གཏོགས་པ་ཞིག། ཁ་བྲལ་རིང་ལུགས་པ་ཞིག་རེད། ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང་། ཆོབ་ཚ་ཞིང་དགོད་བྲོ་བ་ཞིག་ལ་རྒྱ་ནག་གཞུང་གིས་ཉེ་ལམ་འཛམ་བུ་གླིང་གི་དོ་སྣང་བྱ་ཡུལ་དུ་གྱུར་བའི་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་ཐོག་གི་གཏམ་བཤད་དེ་རྒྱ་ནག་མི་དམངས་ལ་ཐབས་བརྒྱ་ཇུས་སྟོང་གིས་སྦས་གསང་བྱེད་ཅི་ཐུབ་བྱས་ཡོད་པ་རེད།

རྒྱ་ནག་གིས་ཐེ་ཝན་ལ་དམིགས་ནས་དམག་སྦྱོང་གཞི་རྒྱ་ཆེན་པོ་བྱས་པ།

སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་ནས་ཉིན་གྲངས་༣ ཕྱིན་རྗེས་ཏེ། སྤྱི་ཟླ་༥ པའི་ཚེས་༢༣ ཉིན། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་གནམ་མཚོ་གཉིས་ནས་དམག་སྦྱོང་གཞི་རྒྱ་ཆེན་པོ་སྤེལ་ནས་དེ་དོན་དྲག་ཤུགས་ཀྱི་སྡིགས་ར་བསྐུལ། རེ་ཊྲེ་སིའི་གསར་ཁང་གིས་གནས་ཚུལ་སྤེལ་དོན་དུ། ཁོང་ཁྲོ་མེ་ལྟར་འབར་བའི་རྒྱ་ནག་གཞུང་གིས་རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་ལ་ཆད་པའི་ཚུལ་དུ་གོ་མཚོན་ཐོགས་པའི་དམག་གི་གནམ་གྲུ་བཏང་ནས་དམག་སྦྱོང་གཞི་རྒྱ་ཆེན་པོ་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ཁང་ཚོས་དེ་ནི་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེའི་ཁ་བྲལ་གྱི་བྱ་སྤྱོད་ལ་བརྡ་ལན་སྤྲད་པ་ཞིག་ཡིན། ཞེས་བརྗོད་ཡོད་པ་འཁོད་འདུག།

པེ་ཅིང་དུབརྙན་འཕྲིན་ལས་ཐེ་ཝན་ཉེ་འཁྲིས་སུ་དམག་སྦྱོང་བྱེད་བཞིན་པའི་རྣམ་པ་སྟོན་བཞིན་པ།
པེ་ཅིང་དུབརྙན་འཕྲིན་ལས་ཐེ་ཝན་ཉེ་འཁྲིས་སུ་དམག་སྦྱོང་བྱེད་བཞིན་པའི་རྣམ་པ་སྟོན་བཞིན་པ།

རྒྱ་ནག་ལ་ཁོང་ཁྲོ་འདི་བཞིན་ལངས་དགོས་དོན་ཅི་ཡིན་ནམ།

རེ་ཊྲེ་སིའི་གསར་ཁང་གིས་བརྗོད་དོན་བྱས་ན། རྒྱ་ནག་གིས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་ཐེ་ཝན་དེ་བཞིན་སོ་སོའི་མངའ་ཁོངས་ཡིན་པ་ངོས་འཛིན་བྱེད་པའི་ཞོར་ལ། ལའེ་ཆིང་ཏེའི་གཏམ་བཤད་སྐོར་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་། ལའེ་ཆིང་ཏེ་ལགས་ཀྱི་གཏམ་བཤད་ནང་། རྒྱ་ནག་གིས་ཐེ་ཝན་ལ་དམིགས་ནས་སྤེལ་བའི་དམག་དོན་དང་ཆབ་སྲིད་ཀྱི་སྡིགས་སྐུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པར་མ་ཟད། ཐེ་ཝན་གྱི་གཞུང་འཛིན་གསར་པས་ཁེངས་མེད་ཞུམ་མེད་དང་། སྔར་རྒྱུན་ད་འཇགས་སུ་གནས་ངེས་ཀྱང་། རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་འོག་ལ་གཅིག་འདུས་མེད་ཅེས་ཞལ་གསལ་གསུངས་ཡོད་པ་དང་། ཞི་བདེ་ནི་འདམ་ག་ཉག་ཅིག་སྟེ། པེ་ཅིང་གཞུང་གིས་ངེས་པར་དུ་ཐེ་ཝན་མི་དམངས་ཀྱི་གདམ་ཀར་བརྩི་བཀུར་བྱ་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད། དེའི་རྗེས་རེས་གཟའ་མིག་དམར་ཉིན་ལ་རྒྱ་ནག་གྱི་ཕྱི་སྲིད་དཔོན་པོ་ཝང་དབྱི་ཡིས་ལའེ་ཆིང་ཏེ་ལགས་སུ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་མོད། སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་དེ་སྔོན་རྒྱ་ནག་དང་ཞི་བའི་གྲོས་མོལ་གནང་རྒྱུའི་དགོངས་ཚུལ་ཐེངས་མང་བཏོན་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་ངོས་ལེན་བྱས་མེད་པ་རེད། སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་ཐེ་ཝན་གྱི་མ་འོངས་པ་དེ་ཐེ་ཝན་མི་དམངས་རང་གི་ལག་ལ་ཡོད་པ་དང་། པེ་ཅིང་གཞུང་གིས་ཐེ་ཝན་དེ་བཞིན་རྒྱ་ནག་གི་མངའ་ཁོངས་འཁྲུལ་མེད་ཡིན་ཞེས་པའི་བརྗོད་ཚུལ་དེ་ལ་ངོས་ལེན་གནང་མེད་པ་རེད།

རྒྱ་ནག་དམར་ཤོག་གི་སྒེར་གཅོད་སྲིད་དབང་དང་ཐེ་ཝན་གྱི་རང་དབང་དམངས་གཙོ།

སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། འདས་པའི་ལོ་ངོ་མང་པོའི་རིང་ལ་ཐེ་ཝན་དེ་བཞིན་རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མ་ལྟ་བུ་ཆགས་དགོས་དོན་ནི། ཐེ་ཝན་གཞུང་ནི་ཐེ་ཝན་གྱི་མི་དམངས་ཚོས་རང་དབང་དང་དམངས་གཙོ་ལོངས་སུ་སྤྱད་ནས་འོས་འདེམས་བྱས་པའི་སྲིད་དབང་ཞིག་ཡིན་སྟབས། དེ་ནི་མེ་མདའི་ཁ་ནས་སྲིད་དབང་ཐོབ་པའི་རྒྱ་ནག་དམར་ཤོག་གི་སྒེར་གཅོད་གཞུང་དང་ཡོངས་སུ་ཐ་དད་ཆགས་ཡོད་པས་ན། རྒྱ་ནག་གཞུང་གི་ཁྲིམས་ཐོག་གི་གོ་བབ་དེ་ལུགས་མཐུན་ཆགས་ཡོད་མེད་ཐད་ལ་གཡོ་འགུལ་ཐེབས་ཀྱི་ཡོད་པའི་རྐྱེན་གྱིས་དང་། ལྷག་པར་དུ་ད་ལན་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གི་གཏམ་བཤད་ཀྱི་ནང་དོན་ལས། རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ནི་གཅིག་འོག་ལ་གཅིག་འདུས་མྱོང་མེད་པར་ཐ་དད་དང་སོ་སོ་ཡིན་པ་གསུངས་ཡོད་པ་དེར་རྒྱ་ནག་གི་ཕྱོགས་ནས་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་པ་རེད།

རྒྱ་ནག་གིས་དམག་གི་སྡིགས་ར་བསྐུལ་བ་དེས་ཐེ་ཝན་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་དམ།

ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཆགས་ཤིང་སྲིད་ཀྱི་སྡིངས་ཆར་བུད་པ་ནས་བཟུང་སྟེ། ཐེ་ཝན་ལ་དམག་གི་སྡིགས་ར་བསྐུལ་རྒྱུ་དེ་ནི་རྒྱ་ནག་གཞུང་གི་འཆར་ཅན་གཏན་འཇགས་ཀྱི་ཐབས་ཇུས་ལྟ་བུ་ཞིག་ཏུ་ཆགས་ཡོད་ཅིང་། ཐབས་ཇུས་དེས་ཐེ་ཝན་མཚོ་འགག་གི་བདེ་འཇགས་དང་། དེ་བཞིན་འཛམ་གླིང་གི་ཞི་བདེ་ལ་ཉེན་ཁ་དང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་ལྟར། ཐེ་ཝན་ནང་ཁུལ་དུའང་། སྲིད་དོན་གྱི་ཐོག་ནས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པ་རེད། ཨ་རིའི་དུས་རབས་ཞེས་པའི་དུས་དེབ་ཀྱིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་གིས་རྒྱུན་ཆད་མེད་པར་ཐེ་ཝན་ལ་དམག་གི་སྡིགས་སྐུལ་བྱས་དང་བྱེད་བཞིན་པ་དེས་ཐེ་ཝན་ནང་རྒྱ་ནག་གི་ཕྱོགས་སུ་གློ་བ་ཉེ་བའི་གོ་མིན་ཏང་ལ་ཚོར་བ་ཤུགས་ཆེ་རྒྱས་བཅུག་ཅིང་། གོ་མིན་ཏང་གིས་རྟག་པར་མཚོ་འགག་ཕྱོགས་གཉིས་དབར་ད་ཡོད་ཀྱི་གནས་སྟངས་རྒྱུན་གནས་ཡོང་ཐབས་སུ་རང་ཚོད་ཟིན་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད། སྲིད་འཛིན་གསར་པ་སྐུ་ཞབས་ལའེ་ཆིང་ཏེ་མཆོག་གིས་ང་ཚོར་ཞི་བདེ་འཚོལ་སྙེག་བྱེད་པའི་ཕུགས་བསམ་ཡོད་འོས་ཀྱང་། ང་ཚོས་སྟོང་བསམ་འཆང་ཉན་གྱི་མ་རེད། ཅེས་དང་། རྒྱ་ནག་གིས་དྲག་པོ་བེད་སྤྱོད་ཀྱི་སྒོ་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུུ་དེ་མ་དོར་གྱི་བར་དུ། ཐེ་ཝན་གྱི་ཆབ་འབངས་ཚང་མས་ངེས་དགོས་པ་ཞིག་ལ། ང་ཚོའི་ངོས་ནས་རྒྱ་ནག་གིས་བཏོན་པའི་འདོད་བློ་ཡོངས་རྫོགས་ཁས་ལེན་བྱས་ནས་བདག་དབང་བློས་བཏང་བའི་དབང་དུ་བཏང་ཡང་། རྒྱ་ནག་གིས་ཐེ་ཝན་ཧམ་བཟུང་བྱ་རྒྱུའི་འདོད་ཧམ་དེ་མེད་པར་ཆགས་ཀྱི་མ་རེད། རྒྱུ་མཚན་དེའི་ཕྱིར་ན། མི་ཚང་མས་དངོས་ཡོད་ལ་ངོས་ཟིན་གསལ་པོའི་ཐོག་ནས་ངེས་པར་དུ་ཐེ་ཝན་གྱི་རང་སྡེ་རང་སྲུང་གི་ཆོད་སེམས་བརྟན་པོར་འཛིན་དགོས་པ་བསྟན་ཡོད་པ་རེད།

༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༤ ཉིན་ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་སྤེལ་བའི་རྒྱ་ནག་གི་དམག་གྲུའི་པར་ཞིག
༢༠༢༤ ལོའི་ཟླ་བ་༥ པའི་ཚེས་༢༤ ཉིན་ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་སྤེལ་བའི་རྒྱ་ནག་གི་དམག་གྲུའི་པར་ཞིག

འཛམ་གླིང་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་བཞིན་ཡོད་དམ།

རེས་གཟའ་ཕུར་བུའི་ཉིན་ལ་རྒྱ་ནག་གིས་ཐེ་ཝན་ཉེ་འཁོར་དུ་དམག་སྦྱོང་བྱེད་དུས། ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་སྐམ་མཚོ་གནམ་གསུམ་གྱི་དམག་མི་བཀོད་འདོམས་ཀྱིས་ཐེ་ཝན་གྱི་རང་དབང་དམངས་གཙོ་དང་བདག་དབང་ལ་སྲུང་སྐྱོབ་གནང་རྒྱུའི་ཐད་གྲ་སྒྲིག་ཨང་གསར་ཡིན་ཞེས་བརྗོད་འདུག། ཨ་རིའི་སི་ཨེན་ཨེན་CNN གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། རྒྱ་ནག་གཞུང་གིས་སྤེལ་བའི་དམག་སྦྱོང་དེ་ནི་ནམ་རྒྱུན་འཆར་ཅན་ལྟར་རྒྱ་ནག་ནང་ཁུལ་གྱི་མི་དམངས་ཚོ་ལ་མིག་སྟོན་བྱ་རྒྱུའི་འཁྲབ་སྟོན་ཞིག་དང་། རྒྱལ་སྤྱིའི་སྒང་ལ་རྒྱ་ནག་གི་ལངས་ཕྱོགས་མངོན་སྟངས་ཤིག་ཡིན་པ་རེད། རྒྱ་ནག་གི་དམག་ཕྱོགས་དང་གཞུང་འབྲེལ་གསར་ཁང་ཚོས་ད་ལན་དམག་སྦྱོང་སྐོར་ལ་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས། ཉིན་དེར་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྤྱི་ཚོགས་དྲ་ལམ་ལས་གླེང་གཞི་ཚ་ཤོས་དེ་ཆགས་ཡོད་པ་རེད།

དེ་བཞིན་ཧྥ་རན་སིའི་ཚགས་ཤོས་འཛམ་གླིང་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། བདུན་ཕྲག་འདིར་རྒྱ་ནག་གིས་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་གཏམ་བཤད་དེ་ནི་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་གསལ་སྟོན་བྱས་པ་ཞིག་ཡིན་པར་བརྗོད་དེ། རྒྱ་ནག་གི་ཕྱོགས་ནས་དེར་རྒོལ་ལན་ནན་མོ་སློག་རྒྱུ་ཡིན། ཞེས་སྡིགས་སྐུལ་བྱས་ཤིང་། ལའེ་ཆིང་ཏེ་ལགས་ནི་པེ་ཅིང་གིས་ཁ་བྲལ་རིང་ལུགས་པ་ཉེན་ཁ་ཅན་ཞིག་ལ་བརྩིས་ཡོད་པ་རེད། ཁོང་གིས་པེ་ཅིང་གི་སྡིགས་སྐུལ་ལ་གདོང་ལེན་བྱེད་ཞོར། ཐེ་ཝན་གྱི་དམངས་གཙོ་ལ་སྲུང་སྐྱོབ་གནང་རྒྱུ་དང་། རྒྱ་ནག་གི་ཕྱོགས་ནས་སྡིགས་ར་སྐུལ་བའི་བྱ་སྤྱོད་དེའི་རིགས་དེ་མཚམས་འཇོག་བྱ་དགོས་པའི་རེ་འབོད་གནང་ཡོད་པར་མ་ཟད། རྒྱ་ནག་གིས་འདས་པའི་ལོ་མང་རིང་ཐེ་ཝན་ལ་དམག་གི་སྡིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེས་འབྱུང་འགྱུར་དམག་འཁྲུག་གི་འབྱུང་རྐྱེན་ཆགས་སྲིད་པའི་ཉེན་བརྡ་ཡང་བཏང་གནང་འདུག།

ཧྥ་རན་སིའི་ཚགས་ཤོག་གཞན་ཞིག་སྟེ། ལཱ་ཧྥེ་གྷ་རོ་ཞེས་པའི་དུས་དེབ་ཀྱིས་གནས་ཚུལ་སྤེལ་གསལ་ལ། འདས་པའི་ལོ་མང་རིང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་གྱི་མཁའ་དབྱིངས་འགོག་སྲུང་གི་མངའ་ཁོངས་སུ་བཙན་འཛུལ་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་། ལྷག་པར་དུ་༢༠༢༢ ལོའི་སྤྱི་ཟླ་༨ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སེ་ཕེ་ལོ་སི་མཆོག་ཐེ་པེའི་ནང་དུ་འཚམས་འདྲིར་ཕེབས་པ་ནས་བཟུང་སྟེ། རྒྱ་ནག་གི་དམག་གི་གནམ་གྲུ་ཐེ་ཝན་མཚོ་ཁུག་གི་དཀྱིལ་ཐིག་བརྒལ་ནས་སྡིགས་སྐུལ་བྱས་ཡོད་ཀྱང་། ད་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་མ་སྤེལ་གོང་གི་ཟླ་བ་འགའ་ཤས་རིང་ལ། རྒྱ་ནག་གིས་ཐེ་ཝན་ལ་དམིགས་ནས་སྤེལ་བའི་དམག་དོན་གྱི་བྱ་འགུལ་ཉུང་དུ་བཏང་ཡོད་པ་དང་། ད་བར་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་གཏམ་བཤད་དེར་སྒུག་ནས་བསྡད་ཡོད་པ་རེད། ཅེས་བཀྲལ་འདུག།

ཉི་ཧོང་གི་ཚགས་ཤོག་ཉིན་རེའི་གསར་འགྱུར་གྱིས་གནས་ཚུལ་སྤེལ་གསལ་ལ། སྤྱི་ཟླ་༥ པའི་ཚེས་༢༣ ནས་༢༤ ཉིན་གྱི་བར་རྒྱ་ནག་གིས་སྐམ་མཚོ་གནམ་གསུམ་ནས་དམག་མི་མངགས་གཏོང་གིས་ཐེ་ཝན་ལ་དམིགས་ནས་དམག་སྦྱོང་སྤེལ་ཡོད་པ་དང་། ཐེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེ་ལགས་ཀྱིས་ཚེས་༢༠ ཉིན་གྱི་གཏམ་བཤད་ཁྲོད་དུ། ཐེ་ཝན་མཚོ་འགག་ཕྱོགས་གཉིས་དབར་ད་ཡོད་ཀྱི་གནས་སྟངས་རྒྱུན་གནས་ཡོང་ཐབས་བྱ་རྒྱུ་ཡིན་ཡང་། རྒྱ་ནག་དང་ཐེ་ཝན་གཉིས་ནི་གཅིག་གི་འོག་ལ་གཅིག་འདུས་མེད་པ་གསལ་སྟོན་གནང་ཡོད་པ་རེད། རྒྱ་ནག་གི་ཕྱོགས་ནས་དེ་ནི་དོན་དམ་ལ་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་བཞིན་པ་དང་གཅིག་མཚུངས་ཡིན་པར་འདོད་དེ་རྒོལ་ལན་སློག་རྒྱུའི་ཐ་ཚིག་བསྒྲགས་འདུག། སྤྱིར་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་འཚོགས་མ་ཐག་ལམ་སེང་དམག་སྦྱོང་སྤེལ་རྒྱུ་དེ་ནི་མཐོང་དཀོན་པོའི་སྣང་ཚུལ་ཞིག་ཡིན་པ་རེད། ཉི་ཧོང་གཞུང་དང་མི་དམངས་མང་པོ་ཞིག་གིས་རྒྱ་ནག་གིས་ཐེ་ཝན་ལ་སྡིགས་སྐུལ་བྱེད་བཞིན་པ་དེས་ཉི་ཧོང་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་འདོད་བཞིན་ཡོད་པ་དང་། ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་དམ་པ་དེས་༢༠༢༡ ལོར། ཐེ་ཝན་ལ་དོན་དག་ཡོད་ཚེ་ཉི་ཧོང་ལ་དོན་དག་ཡོད་པ་དང་གཅིག་པ་རེད། ཅེས་ཡོངས་གྲགས་ཀྱི་ཐོག་ནས་གསུངས་མྱོང་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG