ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

ནད་དུག་གཙང་སེལ་གྱི་སྲིད་ཇུས་ཀྱིས་ཞི་ཅིང་ཕིང་གི་གོ་གནས་ལ་ཤུགས་རྐྱེན་ཐེབས་ཐུབ་མིན། 


རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༡ འཁོར་བ་དང་། དེ་བཞིན་རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་ལོ་༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིང་ཕིང་གིས་མཐའ་གཅིག་ཏུ་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་ལག་ལེན་བསྟར་ནས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་བརྡབ་གསིག་ཚད་མེད་ཐེབས་བཅུག་ཡོད་པར་མ་ཟད། ཁོ་རང་གིས་བཏོན་པའི་ནད་དུག་འགོག་སྲུང་གི་སྲིད་ཇུས་དེ་ཡང་དག་པ་ཡིན་ལུགས་སྐོར་ཁུངས་སྐྱེལ་དག་འབུད་བྱས་ཏེ། སྲིད་ཇུས་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ངོ་བོ་དང་རྩ་དོན་གཞིར་བཟུང་ཐོག་རྒྱ་ནག་གི་ད་ལྟའི་དངོས་ཡོད་གནས་བབ་དང་བསྟུན་ནས་སྤེལ་བའི་སྲིད་ཇུས་ཡང་དག་ཅིག་ཡིན་ཚུལ་ནན་བརྗོད་བྱས་འདུག

རྒྱ་ནག་དམར་ཤོག་གིས་ཚན་རིག་དང་ནད་དུག་འགོག་སྲུང་གི་རྒྱུན་ཤེས་སོགས་དང་རྒྱབ་འགལ་གྱིས་ལས་དོན་ཡོད་ཚད་ཆབ་སྲིད་ཅན་དུ་བསྒྱུར་ཏེ། མི་མང་གི་འཚོ་བར་གནོད་སྐྱོན་ཚབས་ཆེ་ཐེབས་བཅུག་པ་དེ་ནི་ལྐུགས་པའི་བྱེད་སྟངས་ཤིག་རེད་ཅེས་དེང་སང་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ཏོག་དབྱིབས་ནད་དུག་ནི་གཙང་སེལ་བྱེད་ཐབས་མེད་པ་ཞིག་ཡིན་པ་ར་འཕྲོད་བྱུང་སྟེ། རྒྱ་ནག་གི་པེ་ཏའེ་ཧེ་ཚོགས་ཆེན་དང་ཚོགས་ཆེན་ཉི་ཤུའི་སྔོན་ཚུད་དུ་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་དུས་ད་ལྟ་ཡང་ད་དུང་སྔར་བཞིན་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་བ་དེ་ནི་ཚན་རིག་གི་འགྲོ་སྟངས་དང་མི་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག

ཉེ་དུས་ཞི་ཅིང་ཕིང་གིས་ནད་དུག་གཙང་སེལ་སྐོར་སྤེལ་བའི་གཏམ་བཤད་ཐེངས་གཉིས་དེ་ལ་རྒྱ་ནག་གཞུང་འབྲེལ་གསར་ཁང་ཚོས་དེ་ཙམ་གྱི་དོ་སྣང་བྱས་མེད་པས་དེང་སང་རྒྱ་ནག་དམར་ཤོག་གི་མཐོ་རིམ་དཔོན་པོ་ཚོའི་བར་ནད་དུག་གཙང་སེལ་གྱི་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས་འཛིན་ཕྱོགས་ཐད་ནས་འགལ་བ་དང་རྩོད་རྙོག་ཆེན་པོ་ཞིག་ཆགས་ཡོད་པ་མཚོན་འདུག སྤྱི་ཟླ་༦པའི་ཚེས་༢༨ཉིན་ལ་རྒྱ་ནག་གི་ས་གནས་དཔོན་རིགས་འགའ་ཤས་ཤིག་གིས་ཞི་ཅིང་ཕིང་དེ་སྔོན་ཧོང་ཀོང་ནང་འབྱོར་བ་དེ་ནི་ལོ་༣༠སྔོན་ལ་ཏེན་ཞའོ་ཕིང་རྒྱ་ནག་ལྷོ་ཕྱོགས་སུ་འབྱོར་ཚུལ་དང་གཅིག་མཚུངས་ཡིན་པ་འགྲེལ་བརྗོད་བྱས་ཏེ་ཞི་ཅིང་ཕིང་ལ་རླབས་ཆེན་གྱི་དབུ་ཁྲིད་དང་མཛུབ་སྟོན་པ་ཞེས་ངོ་སོ་དང་བསྟོད་བསྔགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་ཡོད་པ་རེད། ཡིན་ན་ཡང་ཞི་ཅིང་ཕིང་གིས་ཝུའུ་ཧན་ལ་སྤེལ་བའི་གཏམ་བཤད་ཀྱི་བརྗོད་གཞི་གཙོ་བོ་དེ་ནི་དེ་སྔོན་ཏེན་ཞའོ་ཕིང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དེ་མ་ཡིན་པར་གཙོ་བོ་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་རྒྱུ་དང་དེ་སྔོན་སི་ཁྲོན་ཞིང་ཆེན་ནང་སྤེལ་བའི་གཏམ་བཤད་དེ་བསྐྱར་ཟློས་བྱས་པ་ཙམ་རེད།

ཞི་ཅིང་ཕིང་གིས་བཏོན་པའི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་དེ་དོན་དམ་ལ་མི་མང་ཚོའི་འགྲོ་འོང་ལ་བཀག་སྡོམ་བྱས་པ་དང་། དེ་བཞིན་འགྲིམ་འགྲུལ་ལ་བཀག་སྡོམ་དང་ཟུར་བཀག མི་ཚང་མ་ལ་ནད་དུག་བརྟག་དཔྱད་བྱེད་དུ་བཅུག་པ་སོགས་ཚན་རིག་དང་མི་ཆོས་ཀྱི་འགྲོ་ལུགས་དང་རྒྱབ་འགལ་བྱེད་པའི་བྱེད་སྟངས་ཤིག་རེད། བྱེད་སྟངས་དེ་ལས་བྱུང་བའི་མཇུག་འབྲས་ལ་དེང་སང་རྒྱ་ནག་ཕྱི་ནང་གཉིས་ཀྱི་མི་ཚོས་གླེང་སློང་དང་དོ་སྣང་ཤུགས་ཆེ་བྱེད་བཞིན་པ་རེད། དེང་སྐབས་ཏོག་དབྱིབས་ནད་དུག་གི་ངོ་བོ་གཞན་འགྱུར་བྱུང་བའི་ནད་དུག་རིགས་གསར་པ་ཨོ་མི་ཁེ་རུང་ཞེས་པ་དེས་མིའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་བའི་ཉེན་ཁ་ཆུང་བ་དང་། ཡང་ན་ནད་རྟགས་ལྗིད་མོ་ཕོག་མཁན་གྱི་ནད་པ་ཇེ་ཉུང་འགྲོ་བཞིན་པའི་རྐྱེན་ལས་རྒྱ་གར་དང་ཨེ་སི་རལ། ཉི་ཧོང་སོགས་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་ནད་དུག་དང་མཉམ་གནས་བྱ་རྒྱུའི་སྲིད་ཇུས་འཛིན་གྱི་ཡོད་པ་རེད། འོན་ཏེ་ཞི་ཅིང་ཕིང་གིས་གཟའ་འཁོར་གོང་མའི་ནང་སྤེལ་བའི་གཏམ་བཤད་ནང་རྒྱ་ནག་ནི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་པས་གལ་སྲིད་རྒྱ་ནག་གིས་རྒྱལ་ཁབ་གཞན་ཚོ་ནང་བཞིན་ནད་དུག་དང་མཉམ་གནས་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ་ཡིན་ན་མཇུག་འབྲས་ཚབས་ཆེ་འབྱུང་ཉེན་ཆེ་བས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་བཞིན་དཔྱིས་ཕྱིན་པ་ཞིག་ལག་ལེན་བསྟར་བ་ཡིན་ན་དེ་ལ་རྒྱལ་ཁ་ཐོབ་ཐུབ་རྒྱུ་གཏན་འཁེལ་རེད་ཅེས་ནན་བརྗོད་བྱས་འདུག

ན་ནིང་ལོའི་དགུན་ཁ་ནས་བཟུང་རྒྱ་ནག་ནང་ནད་དུག་འགོག་སྲུང་ནན་མོ་བྱས་པ་སོགས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་ཡོད་པ་དང་། དེ་བཞིན་ཐོན་ལས་འཁོར་རྒྱུག་མ་ལག་ལ་དོ་ཕོག་ཚབས་ཆེ་ཐེབས་ཏེ་ད་ལྟ་རྒྱ་ནག་གི་ཁེ་ལས་ཆུང་འབྲིང་མང་དག་ཅིག་སྒོ་བརྒྱབ་དགོས་བྱུང་བ་དང་ལས་ཀ་ཤོར་བའི་མི་འབོར་ཇེ་མང་དུ་ཕྱིན་ཡོད་པ་རེད།

སྤྱི་ཟླ་༥པའི་ཚེས་༢༥ཉིན་ལ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་མི་འབུམ་གཅིག་ལྷག་མཉམ་བཞུགས་བྱས་པའི་བརྙན་ལམ་ཚོགས་འདུ་ཞིག་འགོ་འཛུགས་བྱས་ཏེ། རྒྱ་ནག་གི་དཔལ་འབྱོར་སླར་གསོ་སྐོར་ལ་གཏམ་བཤད་སྤེལ་ཡོད། ཚོགས་ཆེན་ཐོག་ཏུ་ལི་ཁེ་ཆང་གིས་ནད་དུག་འགོག་སྲུང་བྱེད་པ་དང་། དུས་མཚུངས་སུ་དཔལ་འབྱོར་སླར་གསོ་ཡོང་ཐབས་བྱེད་དགོས་ཀྱི་ཡོད་པ་ལས་ཕྱོགས་གཅིག་ཅན་གྱི་སྲིད་ཇུས་ལག་ལེན་བསྟར་ན་མི་འགྲིག་ཚུལ་སོགས་ནན་བརྗོད་བྱས་ཡོད། དེ་ཡང་ཝོ་སི་ཀྲི་ཐེ་ཉིན་རེ་ཚགས་ཤོག་གིས་ལེ་ཁེ་ཆང་གིས་ཞི་ཅིང་ཕིང་གི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལ་ཁ་གཏད་བཅག་ནས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་འགན་འཛིན་ཚའེ་ཆིས་ཀྱིས་གཟའ་འཁོར་གོང་མའི་ནང་སྤེལ་བའི་སྙན་ཞུ་ཡི་གེ་ཞིག་གི་ནང་། ཞི་ཅིང་ཕིང་གི་བྱེད་ཕྱོགས་ལ་བསྔགས་བརྗོད་ཚད་མེད་བྱས་ཡོད་པར་མ་ཟད། ནད་དུག་གཙང་སེལ་གྱི་སྲིད་ཇུས་དེ་བཞིན་འབྱུང་འགྱུར་པེ་ཅིང་གྲོང་ཁྱེར་གྱི་ལས་དོན་གལ་གནད་ཆེ་ཤོས་ཤིག་ལ་བརྩི་རྒྱུ་ཡིན་པ་ནན་བརྗོད་བྱས་འདུག དེའི་སྔོན་ཙམ་ལ་རྒྱ་ནག་གི་ཁྲུང་ཆིང་དང་ཐའེ་ཅིང་། ཧྲང་ཧེ་སོགས་ཀྱི་ས་གནས་དཔོན་རིགས་ཚོས་ཀྱང་ཞི་ཅིང་ཕིང་ལ་བློ་སེམས་དཀར་པོ་ཡིན་ཚུལ་གྱི་རྣམ་འགྱུར་སྟོན་ཆེད་ཞི་ཅིང་ཕིང་གི་ཐག་གཅོད་ལ་མཐའ་གཅིག་ཏུ་ངོ་བསྟོད་བྱས་ཡོད་པ་རེད།

རྒྱ་ནག་གི་གནད་དོན་སྐོར་ལ་ཉམས་ཞིབ་བྱེད་མཁན་འགའ་ཤས་ཀྱིས་བརྗོད་དོན་ལ། ཞི་ཅིང་ཕིང་གིས་ཉེ་ལམ་ནད་དུག་གཙང་སེལ་གྱི་སྲིད་ཇུས་མུ་མཐུད་ནས་ལག་ལེན་བསྟར་བ་དེས་མི་མང་ཚོ་ལ་ཡིད་ཐང་ཆད་བཅུག་ཡོད་པ་དང་རིང་མིན་ཁོ་རང་མུ་མཐུད་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཀྱི་གོ་གནས་སུ་བསྡད་རྒྱུ་ལའང་བར་ཆད་དང་འགོག་རྐྱེན་མང་པོ་ཞིག་འཕྲད་བཅུག་རྒྱུ་རེད། ཅིག་བྱས་ན་ད་ལོའི་ཚོགས་ཆེན་ཉི་ཤུའི་སྐབས་ལ། ལོ་༦༩ ཟིན་པའི་ཞི་ཅིང་ཕིང་གིས་གོ་གནས་ནས་རྩ་དགོངས་མི་ཞུ་རང་ཞུ་ཆགས་ཏེ། ལོ་༦༧ ཡིན་པའི་སྲིད་བློན་ལི་ཁེ་ཆང་གིས་ཞི་ཅིང་ཕིང་གི་གོ་གནས་བཟུང་རྒྱུ་རེད་ཅེས་ཚོད་དཔག་བྱེད་བཞིན་འདུག

དེ་བཞིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ་ཚའེ་ཤག་གིས་ཞི་ཅིང་ཕིང་གིས་༢༠༡༨ ལོར་རྩ་ཁྲིམས་ལ་འགྱུར་བ་བཏང་བ་དེ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་རྩ་བ་ནས་ཆགས་ཐུབ་མེད་པར་མ་ཟད། དེས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་འཛིན་དང་སྒྲིག་ཁྲིམས་ལ་ཡང་རྒྱབ་འགལ་དང་དོ་ཕོག་བཏང་ཡོད་ཅེས་རྩོམ་ཐུང་ཞིག་སྤེལ་ནས་ཞི་ཅིང་ཕིང་གི་བྱེད་སྟངས་ལ་དགག་པ་བརྒྱབ་འདུག

XS
SM
MD
LG